༄༅།།2024ལོའི་ཞིང་ལས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་རྣམ་གྲངས་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་པའི་ནང་།བོད་ལྗོངས་ཀྱི་སྒྲིག་བཀོད་སྔོ་ཚལ་ཐོན་ལས་ཚོ་འདུས་དང་ཤང་དང་གྲོང་རྡལ་5ཚུད་པ།

人民网

      གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་28ཉིན། 13:12】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

      འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། ཞིང་ལས་གྲོང་གསེབ་པུའི་གཞུང་དོན་ཐིང་དང་ནོར་སྲིད་པུའི་གཞུང་དོན་ཐིང་གིས་2024ལོའི་ཞིང་ལས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་རྣམ་གྲངས་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་པའི་ནང་། བོད་རང་སྐྱོང་ལྗོངས་ཀྱི་སྒྲིག་བཀོད་སྔོ་ཚལ་ཐོན་ལས་ཚོ་འདུས་དེ་2024ལོའི་ལེགས་ཆ་དང་ཁྱད་ལྡན་ཐོན་ལས་ཚོ་འདུས་རྣམ་གྲངས་གཏན་འཁེལ་གྱི་མིང་ཐོའི་ནང་བདེ་བླག་ངང་ཚུད་པ་དང་། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སོ་དྲུག་ཤང་དང་སྐྱེད་པ་ཤང་དང་། ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཁྲབ་རྨོག་གྲོང་རྡལ། རྫ་ཡུལ་རྫོང་རྫ་ཡུལ་རོང་སྨད་གྲོང་རྡལ། སྨན་གླིང་གྲོང་ཁྱེར་གནས་ཡུལ་ལྷོ་པ་མི་རིགས་ཤང་བཅས་2024ལོའི་ཞིང་ལས་ཐོན་ལས་གྲོང་རྡལ་སྟོབས་ཆེན་གྱི་རྣམ་གྲངས་གཏན་འཁེལ་གྱི་མིང་ཐོའི་ནང་བདེ་བླག་ངང་ཚུད་ཡོད།

      ད་རེས་བོད་ལྗོངས་ཀྱིས་ཐོན་ལས་ཚོ་འདུས་དང་ཐོན་ལས་གྲོང་རྡལ་སྟོབས་ཆེན་བདེ་བླག་ངང་རེ་ཞུ་ཐུབ་ནས་འཛུགས་གཏོད་བྱས་པའི་སྒྲིག་བཀོད་སྔོ་ཚལ་དང་། འབྲི་གཡག བོད་སྨན་སྨན་རྒྱུ་སོགས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་ལ་དམིགས་ཏེ་གཙོ་བོར་རྒྱུད་བཟང་གསོ་སྤེལ་དང་ཁྱབ་གདལ་གཏོང་བ་དང་། ཚད་ལྡན་ཅན་གྱི་རྟེན་གཞི་འཛུགས་སྐྲུན། ལས་སྣོན་དང་འཁོར་རྒྱུག་མ་ལག་འཛུགས་པ། སྤུས་རྟགས་སྐྱེད་སྲིང་སོགས་ཀྱི་ཐད་ནས་ཞན་ཆ་སེལ་བ་དང་ལེགས་སུ་གཏོང་བ་དང་ཐོན་ལས་རིམ་སྤོར་དང་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུ་རེད།

      མིག་སྔའི་བར། བོད་ཀྱིས་རིམ་རྩིས་བརྒྱབ་ན་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཚོ་འདུས་6དང་ཞིང་ལས་ཐོན་ལས་གྲོང་རྡལ་སྟོབས་ཆེན་28བདེ་བླག་ངང་རེ་ཞུ་ཐུབ་ནས་འཛུགས་གཏོད་བྱས་ཏེ། བོད་ཀྱི་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་མགྱོགས་པོ་ཡོང་བར་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་བཏོན་ཡོད།