༄༅།།ཞི་ཅིན་ཕིང་གིས་བྷང་ག་ལའི་ཙུང་ལི་ཧ་ཤིས་ནཱ་དང་མཇལ་འཛོམས་གནང་བ།

人民网

      གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་12ཉིན། 10:04】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

      ཟླ་7ཚེས་10ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་བྷང་ག་ལའི་ཙུང་ལི་ཧ་ཤིས་ནཱ་དང་མཇལ་འཛོམས་གནང་བ།

      ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་10ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་བྷང་ག་ལའི་ཙུང་ལི་ཧ་ཤིས་ནཱ་དང་མཇལ་འཛོམས་གནང་ཞིང་། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་ཀྲུང་གོ་དང་བྷང་ག་ལའི་འབྲེལ་བ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་རིམ་པ་སྤོར་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།

      ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་བྷང་ག་ལ་ནི་ཕན་ཚུན་རྒྱུས་མངའ་ཆེ་བ་དང་འབྲེལ་བ་ཟབ་པའི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འགྲོ་འོང་ལ་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་ཡོད། ཕྱི་འབྲེལ་བཙུགས་ཚུན། རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་རྒྱབ་སྐྱོར། འདྲ་མཉམ་ངང་ལྟ་སྟངས་འཛིན་པ། མཉམ་ལས་གཉིས་ཕན་བཅས་བྱས་ནས་རྒྱལ་ཁབ་དང་རྒྱལ་ཁབ་དབར་དང་། ལྷག་པར་དུ“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་རྒྱལ་ཁབ་དབར་མཛའ་གྲོགས་འགྲོ་འོང་དང་གཉིས་ཕན་མཉམ་ལས་བྱེད་པའི་མིག་དཔེ་བཏོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་བྷང་ག་ལའི་འགོ་ཁྲིད་པ་རྒན་རབས་ཀྱིས་བཏོད་གནང་བའི་མཛའ་གྲོགས་ཟབ་མོར་གཅེས་སྤྲས་བྱེད་ཀྱི་ཡོད། ཕྱི་ལོ་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བ་གོ་སྐབས་སུ་བཟུང་ནས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་ཟབ་ཏུ་གཏོང་བ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་དང་རྒྱ་ཆེར་བཏང་སྟེ། ཀྲུང་གོ་དང་བྷང་ག་ལའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད།

      ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕྱོགས་གཉིས་པོས་ཕན་ཚུན་རྒྱབ་སྐྱོར་བྱེད་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟབ་ཏུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་བྷང་ག་ལ་ཕྱོགས་ཀྱིས་རང་བཙན་རང་བདག་གི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་མཐའ་འཁྱོངས་དང་། རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་དུ་སྐྱོད་པ། རྒྱལ་ཁབ་ཀྱི་བདག་དབང་དང་། རང་བཙན། མངའ་ཁོངས་ཆ་ཚང་བཅས་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱས་ནས་ཕྱི་ཕྱོགས་ཀྱི་ཐེ་ཇུས་གང་རུང་ལ་ངོ་རྒོལ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་བྷང་ག་ལ་ཕྱོགས་དང་མཉམ་དུ་ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་དང་འཕེལ་རྒྱས་ཁྱབ་ཁོངས་ཀྱི་སྲིད་ཇུས་སྤེལ་རེས་བྱས་ནས་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། དཔལ་འབྱོར་ཚོང་དོན་མ་འཇོག་དང་མཉམ་སྦྲེལ་མཉམ་མཐུད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་ཟབ་ཏུ་གཏོང་བ། ཀྲུང་གོའི་ཁེ་ལས་དེ་བས་མང་པོས་བྷང་ག་ལ་ཕྱོགས་དང་མཉམ་དུ་ཐོན་ལས་མ་འཇོག་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་བྱེད་པ། རྒྱལ་ཁབ་གཉིས་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བྷང་ག་ལའི་རྒྱལ་ཁབ་འཕེལ་རྒྱས་ཡོང་བར་རམ་འདེགས་བྱེད་འདོད་ཡོད། ཕྱོགས་གཉིས་པོས་ཕྱི་ལོའི“ཀྲུང་གོ་དང་བྷང་ག་ལའི་མི་ཆོས་རིག་གནས་སྤེལ་རེས་ལོ”ཡག་པོ་གཉེར་ནས་རྒྱལ་ཁབ་གཉིས་པོའི་རིག་གནས་དང་། ཡུལ་སྐོར། སྨྱན་སྦྱོར། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་བྷང་ག་ལ་ཕྱོགས་དང་མཉམ་དུ་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཐད་རོགས་ལས་དམ་ཟབ་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་གཏོང་བ་བཅས་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་སྐུལ་འདེད་གཏོང་འདོད་ཡོད།

      ཧ་ཤིས་ནཱ་ཡིས་གསུངས་དོན། ཀྲུང་གོ་དང་མཛའ་གྲོགས་ཟབ་མོ་ཡོད་པ་ནི་བྷང་ག་ལ་ཕྱོགས་ཀྱི་གཟི་བརྗིད་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག ཀྲུང་གོས་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ཁྱད་བསད་བྱས་ནས་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་པའི་གྲུབ་འབྲས་རླབས་པོ་ཆེ་ཐོབ་པ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བར་བྷང་ག་ལ་ཕྱོགས་ཀྱིས་དགའ་མགུ་ཡི་རང་ཞུ་གི་ཡོད། བྷང་ག་ལས་མི་རིགས་བཅིངས་འགྲོལ་དང་དབུལ་པོ་ཉུང་གཏོང་གི་འཕེལ་རྒྱས་བྱ་གཞག་ལ་སྐུལ་འདེད་གཏོང་བར་བློ་བརྟན་འགྱུར་མེད་ངང་གཞོལ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཕེལ་རིམ་དེའི་ཁྲོད་བྷང་ག་ལ་ཕྱོགས་ལ་རྩ་ཆེའི་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་གི་ཡིན། བྷང་ག་ལ་ཕྱོགས་ཀྱིས་ཀྲུང་གོའི་གྲུབ་འབྲས་ཐོབ་པའི་འཕེལ་རྒྱས་ཀྱི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་དང་། རྨང་གཞིའི་སྒྲིག་བཀོད། དབུལ་པོ་ཉུང་གཏོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་བཏང་སྟེ་གཞོན་ནུ་དང་རིག་གནས་སོགས་མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པའི་རེ་བ་བྱེད་ཀྱི་ཡོད།