༄༅།།འབད་འབུངས་ཡར་བརྩོན་དང་བློ་གཅིག་སེམས་གཅིག་གིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་སྒྲུབ་དགོས།

人民网

      —— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཞར་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་ལས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དངོས་འཛིན་དངོས་སྒྲུབ་དང་གསར་འབྱེད་ཡར་བརྩོན་བྱེད་པར་སྐུལ་མ་ཐེབས་པ།

      གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་24ཉིན། 10:29】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

      ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས།

      ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཞར་རྟོག་ཞིབ་གནང་ནས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་དང་སྒོ་མོ་འབྱེད་རྒྱ་ཆེར་གཏོང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་དར་རྒྱས། མི་རིགས་མཐུན་སྒྲིལ་དང་ཐུན་མོང་འབྱོར་ཕྱུག་སོགས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཉིང་ཞ་ཡི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་ཞེས་ནན་བཤད་གནང་ཡོད། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་ངང་སློབ་སྦྱོང་དང་གོ་བ་ལེན་ཞིང་། ཁོང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་སྔར་ལས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་དངོས་འཛིན་དངོས་སྒྲུབ་དང་གསར་འབྱེད་ཡར་བརྩོན་བྱེད་ཀྱི་ཡིན་ཞེས་བཤད།

      མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་རྣམ་པ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་གཏོང་རྒྱུ་ཡིན་པ།

      གནམ་སྔོན་པོ་དང་སྤྲིན་དཀར་པོའི་འོག་ཏུ་ཉིང་ཞ་དབྱིང་ཁྲོན་གྲོང་ཁྱེར་ཅིན་ཧྥུང་ཆུས་ཁྲང་ཁྲེང་མེ་ཏོག་ལྡུམ་རའི་སྡེ་ཁུལ་དུ་གཙང་སྦྲ་དོད་ཅིང་གྲལ་སྟར་འགྲིག་ལ་དགའ་སྤྲོའི་རྣམ་པས་ཁེངས། མི་རིགས་མང་པོ་འདུས་སྡོད་བྱེད་པའི་སྡེ་ཁུལ་ཆེ་གྲས་དེའི་ནང་རྒྱ་རིགས་དང་། ཧུད་རིགས། མན་ཇུ་རིགས། སོག་རིགས། བོད་རིགས་སོགས་མི་རིགས་ཁག་གི་མང་ཚོགས་འཆམ་མཐུན་མཉམ་དུ་གནས་ཤིང་། ཁོང་ཚོ་ཕན་ཚུན་ཁྱིམ་ཚང་གཅིག་ལྟར་བརྩི་པོ་ཡོད།

      ཚེས་19ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཁྲང་ཁྲེང་མེ་ཏོག་ལྡུམ་རའི་སྡེ་ཁུལ་དུ་ཕེབས་ནས་སྡེ་ཁུལ་གྱིས་གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་དང་། དམངས་བདེ་དམངས་ཕན་གྱི་ཞབས་ཞུ་ལེགས་གཏོང་། མི་རིགས་ཁག་གི་མང་ཚོགས་ཀྱི་འགྲོ་འོང་སྤེལ་རེས་མཉམ་འདྲེས་གསུམ་ལ་སྐུལ་འདེད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཡོད། ཁྲང་ཁྲེང་མེ་ཏོག་ལྡུམ་རའི་སྡེ་ཁུལ་གྱི་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ནའེ་ཤང་གིས་སྐབས་དེའི་གནས་ཚུལ་ཕྱིར་དྲན་བྱེད་ཀྱིན་སྤྲོ་སྣང་ཆེན་པོས“ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིས་བཀའ་མངགས་གནང་བ་བློ་ལ་བརྟན་པོར་བཅངས་ནས་སྡེ་ཁུལ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་ཡག་པོ་དང་སྟོབས་ཆེར་གཏོང་བ་དང་ཆབས་ཅིག མི་སེར་ལ་ཞབས་འདེགས་ཞུ་བའི་ལས་དོན་ཁག་གཏིང་ཟབ་པོ་དང་ཞིབ་ཚགས་པོ། གནད་ལ་འཁེལ་པོ་བཅས་ཀྱི་སྒོ་ནས་བསྒྲུབས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི‘གཅིག་ལ་གཅིག་འབྲེལ་དང་ཕན་ཚུན་མཉམ་འདྲེས’ཀྱི་ཁྱིམ་ཚང་གཅིག་ལྟར་འཆམ་མཐུན་གྱི་རྣམ་པ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་གི་ཡིན”ཞེས་བཤད།

      པེ་ཅིང་ཤིས་ཏན་སོག་བོད་སློབ་གྲྭ་གནས་ཡུལ་རྙིང་པར། ཧྥུའུ་ཅན་དང་ཉིང་ཞའི་མི་རིགས་རིག་གནས་འགྲེམས་སྟོན་གྱི་ཉམས་ལེན་བྱེད་སྒོ་ངོ་མཚར་ཆེན་པོས་སྤེལ་བཞིན་ཡོད་ཅིང་། ལྟ་སྐོར་བས་དལ་དལ་ལྷོད་ལྷོད་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་འགྲོ་འོང་སྤེལ་རེས་མཉམ་འདྲེས་གསུམ་སྐོར་གྱི་རི་མོར་ལྟ་བཞིན་མཆིས།

      “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟམ་མི་ཆད་པར་བརྟན་པོར་འཛུགས་དགོས”དང“མི་རིགས་ཁག་གི་མི་དམངས་ཀྱི་སེམས་པ་གཅིག་ཏུ་དམ་པོར་སྦྲེལ་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་བླང་བྱ་གལ་ཆེན་དེ་ལས། སོག་བོད་སློབ་གྲྭ་གནས་ཡུལ་རྙིང་པའི་འབྲེལ་ཡོད་འགན་འཁུར་བ་ཧོང་ཁྲུན་ཧྥུང་ལ་ཕྲག་སྟེང་གི་འགན་འཁྲི་ཤིན་ཏུ་ལྕི་པོ་ཡིན་པའི་ཚོར་སྣང་ཟབ་མོ་བྱུང་ཞིང་། ཁོང་གིས་སླད་ཕྱིན་གསར་འབྱེད་གསར་གཏོད་ཟམ་མི་ཆད་པར་བྱས་ཏེ་ཀྲུང་ཧྭའི་བུ་ཕྲུག་ལ་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་མཛེས་སྡུག་མྱོང་རོལ་ཐུབ་པར་བྱེད་ཀྱི་ཡིན་ལ། མི་རིགས་ཁག་གི་མང་ཚོགས་དབར་གྱི་བརྩེ་དུང་ཇེ་ཟབ་ཏུ་འགྲོ་བར་བྱེད་ཀྱི་ཡིན་ཞེས་བཤད།

      “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུའི་སྐོར་གྱི་མུ་སྦྲེལ་ཀློག་དེབ”དཔེ་སྐྲུན་བྱེད་ཉེར་ཡོད་པ་དང་། དེའི་ནང་བོད་ཀྱི་ཏང་ཡོན་ལས་བྱེད་པའི་ཀློག་དེབ་དང་། བོད་རིགས་མང་ཚོགས་ཀྱི་ཀློག་དེབ། བོད་རིགས་གཞོན་ནུའི་ཀློག་དེབ། བོད་རིགས་ལོ་ཆུང་བྱིས་པའི་ཀློག་དེབ་སོགས་ཚུད་པ། སྔོན་དཔག་བྱས་ན་དེབ་ཁྲི་100ལྷག་ཙམ་འགྲེམས་སྤེལ་བྱ་རྒྱུ་ཡིན་པ་རེད།

      “སྤྱི་ཁྱབ་ཧྲུའུ་ཅིས‘དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་སྲིད་དོན་གལ་ཆེན་པོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་དགོས’ཞེས་ནན་བཤད་གནང་ནས་ང་ཚོར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ང་ཚོས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གཞི་དང་ཀློག་དེབ་དེ་བས་མང་པོ་དང་ཡག་པོ་རྩོམ་སྒྲིག་དང་ནང་དོན་ཕུན་སུམ་ཚོགས་ཤིང་རྣམ་པ་སྣ་ཚོགས་ཀྱི‘སྒྲོག་འགྲེལ+’དང‘ལག་ལེན+’བྱེད་སྒོ་སྤེལ་ཏེ། མི་རིགས་ཁག་གི་མི་དམངས་ལ་ཀྲུང་ཧྭ་མི་རིགས་ཀྱི་མོས་སེམས་དང་སྤོབས་བསམ་སྔར་བས་ཆེ་རུ་གཏོང་བ་དང་། སྐྱིད་སྡུག་མཉམ་མྱོང་དང་། གཟི་ཁྲེལ་མཉམ་མྱོང་། མཉམ་ཤི་མཉམ་གསོན། ལས་དབང་གཅིག་མཐུན་བཅས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་དགོས་པའི་ཁྲིད་སྟོན་བྱེད་ཀྱི་ཡིན”ཞེས་བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་རིགས་པའི་གཞུང་ལུགས་ཁྲུའུ་ཡི་ཁྲུའུ་ཀྲང་ཧྲི་ཆི་ཧྥུང་གིས་བཤད།

      དམངས་སེམས་དང་མཐུན་པའི་འདུ་འགོད་རེ་རེ་དང་དམངས་ལ་ཕན་པའི་དོན་དངོས་རེ་རེས་མི་རིགས་ཁག་གི་མང་ཚོགས་ལ་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་དང་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་དུ་བཅུག་ཡོད།

      སྐྱེ་ཁམས་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལས་དོན་གལ་ཆེན་ཡག་པོ་བསྒྲུབ་རྒྱུ་ཡིན་པ།

      མའོ་ཝུའུ་སུའུ་བྱེ་སའི་མཐའ་རུ། རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཡིན་པའི་ཉིང་ཞ་ལིང་ཝུའུ་པའེ་ཅི་གྲམ་ཐང་དེ་ཉིད་ལྗང་མདོག་གི་སྲུང་བཅད་ལྟ་བུར་གྱུར་ཞིང་། དེས་བྱེ་རླུང་འགོག་སྲུང་མཐའ་གཅིག་ཏུ་བྱེད་བཞིན་ཡོད།

      “སྤྱི་ཁྱབ་ཧྲུའུ་ཅིས‘ནགས་ཚལ་དང་། རྩྭ་ཐང་། འདམ་ར། བྱེ་ཐང་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་དང་བ་ཚྭའི་ས་ཆ་ཕྱོགས་བསྡུས་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས’ཞེས་བླང་བྱ་བཏོན་གནང་ནས་དུས་རབས་གསར་པའི་བྱེ་འགོག་བྱེ་བཅོས་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད”“རྒྱལ་ཡོངས་ཀྱི་བྱེ་འགོག་དཔའ་བོ”ཝང་ཡིའུ་ཏེ་ཡིས་བྱེ་འགོག་གི་ལས་ལ་གཞོལ་བའི་ལོ་ཟླར་ཕྱིར་དྲན་བྱེད་བཞིན་དུ“ང་ཚོས་བྱེ་འགོག་བྱེ་བཅོས་ཀྱི་གྲུབ་འབྲས་ཟམ་མི་ཆད་པར་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ།‘བྱང་གསུམ’ལས་གྲྭ་དེ་གཞོམ་ཞིག་མེད་པའི་བྱང་རྒྱུད་ཀྱི་ལྗང་མདོག་ལྕགས་རི་རིང་པོ་དང་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་དུ་བསྐྲུན་ནས‘ལྕགས་རི་རིང་པོའི་ཕྱི་རོལ་གྱི་འབྲི་ཆུའི་ལྷོ་རྒྱུད་ས་ཁུལ’སྔར་ལས་མཛེས་སྡུག་ལྡན་པར་འགྱུར་བ་བྱེད་ཀྱི་ཡིན”ཞེས་བཤད།

      ཧྲན་ཏུང་ཏུང་ཡིང་དུ་ཡོད་པའི་ཧྲན་ཏུང་རྨ་ཆུའི་ཟུར་གསུམ་གླིང་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་རྩི་ཤིང་སྣ་ཚོགས་སྐྱེ་འཚར་བཟང་ཞིང་། དུས་བྱ་རྣམས་བར་སྣང་དུ་ཅི་དགར་འཕུར་ལྡིང་བྱེད་བཞིན་མཆིས།

      སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ལྟེ་གནས་སུ་མཐོ་རིམ་ལག་རྩལ་ཆེ་མོ་བ་ཀྲའོ་ཡ་ཅེས་བརྙན་ཤེལ་ཆེན་པོ་ནས་ཆུ་བྱའི་སྐྱེ་འཕེལ་གནས་ཚུལ་ལ་ལྟ་ཞིབ་བྱེད་བཞིན་ཡོད། “ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་ཀྱིས་རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས་རྒྱུག་ཁུལ་ཧྲིལ་པོའི་སྐྱེ་ཁམས་སྐས་རིམ་གསར་པར་སླེབས་ཡོད”ཅེས་དང“སྤྱི་ཁྱབ་ཧྲུའུ་ཅིས་རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐོང་ཆེན་པོ་གནང་གི་འདུག ང་ཚོས་ཚན་ཞིབ་ལྟ་ཞིབ་ཚད་ལེན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། བློ་རིག་ལྟ་འདོམས་ནུས་པ་ཆེ་རུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་ལ་སེམས་ཤུགས་ཆེན་པོས་སྲུང་སྐྱོང་བཅས་བྱས་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ལེའུ་གསར་པ་རྩོམ་གྱི་ཡིན”ཞེས་ཀྲའོ་ཡ་ཅེ་ཡིས་བཤད།

      མཚོ་སྔོན་དུ་ཡོད་པའི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་ཧའེ་ནན་རྟེན་གཞིར་འོད་ཤུགས་པང་ལེབ་རེ་རེ་ལས་ལྗང་མདོག་ནུས་པ་རྒྱུན་མི་ཆད་པར་ཐོན་བཞིན་ཡོད།

      “ང་ཚོས་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་དང་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ནུས་རྒྱུ་གཙང་མའི་རྟེན་གཞི་ཆེན་པོ་འཛུགས་སྐྲུན་དང་གསར་དར་ཐོན་ལས་དོན་འཁྱོལ་གྱིས་ཕན་འབྲས་ཐོན་པར་མགྱོགས་མྱུར་སྐུལ་འདེད་བཏང་ནས་སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་སྔ་ཕྱི་བར་གསུམ་དུ་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་ཀྱི་ཡིན”ཞེས་རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སི་རྨ་ཆུའི་ཀུང་སིའི་ཏུང་ཧྲི་ཀྲང་ཡའོ་ཞའོ་ཡན་གྱིས་བཤད།

      དེང་རབས་ཅན་གྱི་འཛུགས་སྐྲུན་གྱི་གྲུབ་འབྲས་མི་དམངས་ཡོངས་ལ་དེ་བས་མང་བ་དང་དེ་བས་དྲང་གཞག་ཐོབ་པར་བྱ་རྒྱུ་ཡིན་པ།

      2017ལོའི་ཟླ་9པར། ཀན་སུའུ(ལན་ཀྲོའུ)རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་ཟོག་འདྲེན་དུས་གཏན་མེ་འཁོར་ཐོག་མ་བཏང་བ་བརྒྱུད། ཀན་སུའུ་ཞིང་ཆེན་གྱི་ནུབ་བྱང་ནས་ལྷོ་ནུབ་བར་དང་དེ་ནས་མཚོ་བགྲོད་གྲུ་ཁ་བར་གྱི་བར་ཐག་ཐུང་ཤོས་ཀྱི་བགྲོད་ལམ་ཤར་གཏོང་ཐུབ་ཅིང་། མིག་སྔའི་བར་རིམ་རྩིས་བརྒྱབ་ན་རྒྱལ་སྤྱིའི་དུས་གཏན་མེ་འཁོར་477བཏང་ཡོད།

      “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས‘ཕྱི་ནང་དང་ཕྱི་ཕྱོགས་སྒོ་དབྱེ་ཟུང་འབྲེལ་མཐའ་འཁྱོངས’བྱས་ནས་ང་ཚོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ནུབ་རྒྱུད་སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་པ་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པར་སྒུལ་ཤུགས་ཆེན་པོ་བསྣན་ཡོད་ཅེས་ནན་བཤད་གནང་ཡོད” ཀན་སུའུ(ལན་ཀྲོའུ)རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཅན་ལེང་གིས“ང་ཚོས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བའི་བཀོད་སྒྲིག་གཞིར་བཟུང་། དུས་རབས་གསར་པའི་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་དང་ས་ཁོངས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། སྐམ་སའི་དབུས་ཁུལ་གྱི་སྒོ་དབྱེའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་གི་ཡིན”ཞེས་བཤད།

      ཉིང་ཞ་ཕེང་དབྱང་རྫོང་མིང་ཉིང་དེང་རབས་འཁོར་རྒྱུག་ཞིང་ལས་ཚན་རྩལ་དཔེ་སྟོན་གླིང་ལ་ས་ཁྱོན་མུའུ་300ཙམ་ཡོད་པ་དང་ཉིན་རེར་ཤ་མོ་སོས་པ་སྣ་ཚོགས་ཏུན་5ཐོན་པར་ལོ་རེའི་ཐོན་རྫས་རིན་ཐང་སྒོར་ཁྲི་2000ཟིན་གྱི་ཡོད། དེས་ས་གནས་དེ་གའི་མང་ཚོགས་བརྒྱ་གྲངས་ཁ་ཤས་ལ་སྒོ་རྩར་ཡོང་འབབ་གསོག་པར་སྐུལ་ཁྲིད་ཐུབ་སྟེ་ཧྥུའུ་ཅན་དང་ཉིང་ཞའི་ཤར་ནུབ་མཉམ་ལས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཏུ་གྱུར་ཡོད།

      “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་གྲོང་གསེབ་ལ་ཐུགས་ཁུར་ཆེན་པོ་གནང་གི་ཡོད་པས། ང་ཚོའི་སེམས་པ་དྲོ་སོབ་སོབ་འདུག་ལ། ཕྲག་ཐོག་གི་འགན་འཁྲི་ལྗིད་པོ་ཡིན་པ་ཡང་ཚོར་གྱི་འདུག”ཝུའུ་ཀྲུང་གྲོང་ཁྱེར་ཧུང་སི་པའོ་ཆུས་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ཀྲི་ཧྥུང་གིས། གོམ་སྟབས་རྗེས་མར་ཞིང་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་བཏང་ནས་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མ་ཐོན་སྔོན་འགོག་མཐའ་གཅིག་ཏུ་བྱས་ཏེ། གནས་འཕྲོད་ལས་འཚམ་དང་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་ཏན་ཏིག་བསྐྲུན་ནས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་གི་ཡིན་ཞེས་བཤད།

      མིག་སྔར་ཤིན་ཅང་ཁ་ཧྲི་ས་ཁུལ་ཅ་ཧྲི་རྫོང་གི་ཞིང་ནང་དུ་འབྲས་ཤིང་ཤིན་མེ་ལ་འབྲས་བུ་མང་པོ་བཏགས་ཡོད། འདི་ག་ཀྲུང་གོའི་སྤུས་ལེགས་འབྲས་ཤིང་ཤིན་མེ་ཐོན་སྐྱེད་དང་། ལས་སྣོན། ཕྱིར་གཏོང་བཅས་ཀྱི་རྟེན་གཞི་ཆེ་ཤོས་སུ་གྱུར་ཡོད།

      “སྤྱི་ཁྱབ་ཧྲུའུ་ཅིས་ཁྱད་ལྡན་ཅན་དང་ཁྱད་པར་ཅན་གྱི་ཐོན་ལས་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་སྐྱོད་དགོས་ཞེས་ནན་བཤད་གནང་བ་དེ་ང་ཚོའི་སེམས་ནང་བསམས་པ་ལྟར་བྱུང་སོང”འབྲས་ཤིང་ཤིན་མེ་འདེབས་འཛུགས་བྱས་ནས་ལོ་20ཙམ་ཕྱིན་པའི་ཁུར་པན·ཝུའུ་ཕུའུ་ཨེར་གྱིས“འབྱུང་འགྱུར་སྤྱི་ཁྱབ་ཧྲུའུ་ཅིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་ཀྱི་རྒྱུན་དེད་ནས་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ་རིག་ནུས་ཐོན་སྐྱེད་སྒྲུབ་རིམ་བསྐྲུན་པ་དང་། སྔོན་ཐོན་གྱི་སོས་ཉར་ལག་རྩལ་ནང་འདྲེན་བྱེད་པ། ཐོན་ལས་འཁོར་འབྲེལ་རིང་དུ་གཏོང་བ་དང་ཟུར་སྣོན་རིན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་ལ་བརྟེན་ནས་ཞིང་པའི་དངུལ་ཁུག་དེ་བས་ལྗིད་ཏིག་ཏིག་དང་འཚོ་བ་དེ་བས་སྐྱིད་པོ་ཡོང་བར་བྱེད་ཀྱི་ཡིན”ཞེས་བཤད།

      ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འགག་རྩ་ཏང་ལ་ཐུག་ཡོད། “ཕྱི་ཚུལ་རིང་ལུགས་ལ་བཅོས་སྒྲིག་གཏིང་ཟབ་རྒྱུན་མཐུད་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་སྟེ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་དགོས”སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ལས་ཅང་ཤིས་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་ཀན་ཤན་ཆུས་སྒྲིག་ཨུད་ཀྱི་ཧྲུའུ་ཅི་དང་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཡུན་ཧྥེ་ཡི་ལས་ཀའི་ཁ་ཕྱོགས་སྔར་བས་གསལ་དུ་ཕྱིན་ཞིང་། ཁོང་གིས“ང་ཚོས་ཏང་གཤིས་དང་། ཏང་སྲོལ། ཏང་ཁྲིམས་བཅས་ལ་མཉམ་དུ་དམ་འཛིན་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཕུལ་བྱུང་ཏང་སྲོལ་ལ་བརྟེན་ནས་མི་སེམས་གཅིག་སྒྲིལ་དང་སྤྱི་ཚོགས་ཀྱི་གོམས་སྲོལ་ལ་སྣེ་ཁྲིད་བྱས་ཏེ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་དཀའ་སྤྱད་འབད་འཐབ་བྱེད་རྒྱུའི་ལྕག་སྐུལ་གཏོང་གི་ཡིན”ཞེས་བཤད།

      (རིག་རྡོར་དང་དབང་སྒྲོན་སྐྱིད་ཀྱིས་བསྒྱུར། སྤེན་ཚེས་ཞུས)