༄༅།།རྒྱལ་ཡོངས་ཀྱི་ཤང་དང་གྲོང་རྡལ་གྱི་ཏང་ཨུད་ཧྲུའུ་ཅིས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བའི་བརྙན་ལམ་གསོ་སྦྱོང་འཛིན་གྲྭ་མཉམ་དུ་གཉེར་བ།

人民网

      གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་13ཉིན། 10:58】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

      འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་7ནས་9ཉིན་བར། ཀྲུང་དབྱང་རྩ་འཛུགས་པུའུ་དང་། ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང) ཞིང་ལས་གྲོང་གསེབ་པུའུ་བཅས་ཀྱིས་རྒྱལ་ཡོངས་ཀྱི་ཤང་དང་གྲོང་རྡལ་གྱི་ཏང་ཨུད་ཧྲུའུ་ཅིས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བའི་བརྙན་ལམ་གསོ་སྦྱོང་འཛིན་གྲྭ་མཉམ་དུ་གཉེར་ནས། རྒྱལ་ཡོངས་ཀྱི་ཤང་དང་གྲོང་རྡལ་གྱི་ཏང་ཨུད་ཧྲུའུ་ཅི་ཁྲི་2.96ལ་ཁྱོན་ཡོངས་ནས་ཁྱབ་པའི་གསོ་སྦྱོང་བྱས་པ་རེད།

      གསོ་སྦྱོང་འཛིན་གྲྭས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ལྷག་པར་དུ“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱེད་རྒྱུ་བརྗོད་དོན་གཙོ་བོར་བྱས་ནས་ཤང་དང་གྲོང་རྡལ་གྱི་ཏང་ཨུད་ཧྲུའུ་ཅིའི་ལས་གནས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་གསལ་འགྲེལ། ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། འཕྲལ་འདོམས་ནུས་པ་ཆེ་རུ་གཏོང་བ། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སློབ་སྦྱོང་ལག་བསྟར་བྱེད་པ་བཅས་ཀྱི་ཆེད་དོན་ཟུར་ཁྲིད་བྱེད་པ་དང་། ཤང་དང་གྲོང་རྡལ་གྱི་ཏང་ཨུད་ཧྲུའུ་ཅི་བྱས་མྱོང་བའི་གྲོང་ཁྱེར་དང་རྫོང་གི་ཏང་ཨུད་ཧྲུའུ་ཅི་དང་ད་ལྟ་ཤང་དང་གྲོང་རྡལ་གྱི་ཏང་ཨུད་ཧྲུའུ་ཅིའི་འགན་འཁུར་བཞིན་པའི་འཐུས་མི་བཀོད་སྒྲིག་བྱས་ཏེ“ཤང་དང་གྲོང་རྡལ་གྱི་ཏང་ཨུད་ཧྲུའུ་ཅི་ཡག་པོ་ཞིག་གང་འདྲ་བྱེད་དགོས་པའི”སྐོར་ལ་དམིགས་ནས་བསམ་ཚུལ་དང་མྱོང་ཚོར་སྤེལ་རེས་བྱེད་པ། ཤང་དང་གྲོང་རྡལ་གྱི་ཕུལ་བྱུང་ཏང་ཨུད་ཧྲུའུ་ཅིའི་འཐུས་མི་བཀོད་སྒྲིག་བྱས་ཏེ་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་དང་། ཤེས་ལྡན་པ་འཕེལ་རྒྱས། རིག་གནས་དར་རྒྱས། སྐྱེ་ཁམས་དར་རྒྱས། རྩ་འཛུགས་དར་རྒྱས་བཅས་ལ་སྐུལ་འདེད་གཏོང་བར་དམིགས་ནས་ཉམས་མྱོང་སྤེལ་རེས་བྱེད་པ། རྒྱ་ཆེའི་ཤང་དང་གྲོང་རྡལ་གྱི་ཏང་ཨུད་ཧྲུའུ་ཅིར“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་སློབ་གསོ་ཁྲིད་སྟོན་བཅས་བྱས་ནས། ཆབ་སྲིད་ཀྱི་བྱང་ཚད་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་འགོ་ཁྲིད་བྱེད་ནུས་སྔར་བས་ཆེ་རུ་བཏང་སྟེ། ས་གནས་ཁག་གིས་ཤང་དང་གྲོང་རྡལ་གྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལས་དོན་ཏན་ཏིག་དང་ནུས་ལྡན་སྤེལ་བར་དཔེ་སྟོན་སྐུལ་འདེད་བཏང་ཡོད་པ་རེད།

      ཀྲུང་དབྱང་རྩ་འཛུགས་པུའུ་དང་། ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང) ཞིང་ལས་གྲོང་གསེབ་པུའུ་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོ་དང་སློབ་མཇུག་སྒྲིལ་བའི་མཛད་སྒོར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། གསོ་སྦྱོང་འཛིན་གྲྭས་ཀྲུང་དབྱང་ཏང་གི་སློབ་གྲྭར(རྒྱལ་ཁབ་སྲིད་འཛིན་སློབ་གླིང)སློབ་ཁང་གཙོ་བོ་བཙུགས་པ་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་31གི་ཏང་གི་སློབ་གྲྭ(སྲིད་འཛིན་སློབ་གླིང)དང་གྲོང་ཁྱེར(ས་ཁུལ་དང་། ཀྲོའུ། མོང)ཁག་གཅིག་གི་ཏང་གི་སློབ་གྲྭར(སྲིད་འཛིན་སློབ་གླིང)ཡན་ལག་སློབ་ཁང་261བཙུགས་ནས་གཅིག་སྡུད་བརྙན་ལམ་ནས་སློབ་ཁྲིད་དང་བགྲོ་གླེང་སྤེལ་རེས་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ་རྒྱལ་ཡོངས་སུ་གཉེར་ཡོད། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་གི་ཏང་ཨུད་རྩ་འཛུགས་པུའུ་དང་། ཏང་གི་སློབ་གྲྭ(སྲིད་འཛིན་སློབ་གླིང) ཞིང་ལས་གྲོང་གསེབ་སྡེ་ཚན་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཞིང་ཆེན་རིམ་པའི་ཡན་ལག་སློབ་ཁང་དུ་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོ་དང་སློབ་མཇུག་སྒྲིལ་བའི་མཛད་སྒོར་ཞུགས་པ་རེད།