༄༅།།རྨང་གཞིའི་སློབ་གསོའི“ཚད་ལྡན་དོ་དམ་ལོའི”བྱ་སྤྱོད་སྤེལ་བ།

人民网

      གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་24ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

      འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་སློབ་གསོ་པུའི་གཞུང་དོན་ཐིང་གིས《རྨང་གཞིའི་སློབ་གསོའི“ཚད་ལྡན་དོ་དམ་ལོའི”བྱ་སྤྱོད་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་རྨང་གཞིའི་སློབ་གསོའི“ཚད་ལྡན་དོ་དམ་ལོའི”བྱ་སྤྱོད་བཀོད་སྒྲིག་བྱས་ཡོད།
      ལས་ཀའི་དམིགས་ཚད་ཐད་བརྡ་ཐོའི་ནང་རྨང་གཞིའི་སློབ་གསོའི་འཐབ་ཕྱོགས་ཀྱི་ལས་བྱེད་པའི་དཔུང་ཁག་དང་རྒྱ་ཆེའི་དགེ་རྒན་དང་སློབ་དཔྱོད་པའི་ཆབ་སྲིད་ཀྱི་འདུ་ཤེས་དང་། བཅའ་ཁྲིམས་ཀྱི་འདུ་ཤེས། སྒྲིག་ལམ་གྱི་འདུ་ཤེས་བཅས་སྔར་བས་ཟབ་ཏུ་གཏོང་བ་དང་། རྨང་གཞིའི་སློབ་གསོའི་ཁྱབ་ཁོངས་སུ་གནས་པའི་ཁྲིམས་འགལ་སྒྲིག་འགལ་དང་། སློབ་གསོའི་ཆོས་ཉིད་དང་འགལ་བ། སློབ་གསོ་ཁེ་ཕན་ཅན་དང་མིག་རྒྱང་ཐུང་བ་བཅས་ཀྱི་བྱ་སྤྱོད་སྔར་བས་གཙང་སེལ་དང་བཅོས་སྒྲིག་བྱེད་པ། ཁྲིམས་ལྟར་དོ་དམ་དང་། དོ་དམ་ནན་པོ། དོ་དམ་ཚད་ལྡན་བཅས་ཀྱི་ཕུགས་ཕན་ལམ་སྲོལ་སྔར་བས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། སློབ་གྲྭའི་དོ་དམ་ནུས་པ་དང་སློབ་ཁྲིད་དང་མི་གསོ་སྐྱོང་གི་ཆུ་ཚད་སྔར་བས་ཇེ་མཐོར་གཏོང་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱིས་རྨང་གཞིའི་སློབ་གསོར་བློ་ཡིད་ཚིམ་ཚད་དང་ཐོབ་སྣང་སྔར་བས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
      བརྡ་ཐོའི་ནང“ཚད་ལྡན་བཅོས་སྒྲིག་གི་གཙོ་གནད་ཁག་གསུམ”དང“བཀག་རྒྱའི་གསལ་ཐོ་བཅུ་གཉིས”ཁ་གསལ་བཟོས་ནས་བདེ་འཇགས་ཀྱི་མཐའ་ཚད་སྲུང་མི་ཐུབ་པ་དང་། རྒྱུན་གཏན་གྱི་དོ་དམ་གོ་རིམ་ཤོར་བ། དགེ་རྒན་ལ་ཀུན་སྤྱོད་ཉམས་པ་སོགས་ཕྱོགས་གསུམ་གྱི་གནད་དོན་གཙོ་གནད་ཐོག་ཚད་ལྡན་བཅོས་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
      རྨང་གཞིའི་སློབ་གསོའི་ཚད་ལྡན་དོ་དམ་གྱི་བཀག་རྒྱའི་གསལ་ཐོའི་ནང་གཙོ་བོ་ཏང་ལ་ངོ་རྒོལ་དང་སྤྱི་ཚོགས་རིང་ལུགས་ལ་ངོ་རྒོལ་དང་། ལོ་རྒྱུས་འཁྱོག་བཤད་བྱེད་པ། བཙན་འཛུལ་མཛེས་བཟོ་བྱེད་པ་སོགས་ཀྱི་གཏམ་འཆལ་ཐོན་རྒྱུ་གཏན་འགོག་བྱེད་པ་དང་། སློབ་གྲྭའི་ནང་དུ་མང་བས་ཉུང་བར་བརྙས་བཅོས་དང་། སྟོབས་ཆེ་བས་སྟོབས་ཆུང་བར་བརྙས་བཅོས། ཆེ་བས་ཆུང་བར་བརྙས་བཅོས་སོགས་ཀྱི་སློབ་མའི་བརྙས་བཅོས་བྱེད་སྤྱོད་སྤེལ་བའམ་ཡང་ན་སློབ་མའི་བརྙས་བཅོས་བྱེད་སྤྱོད་ལ་དགེ་རྒན་གྱིས་སྣང་མེད་དུ་གཏོང་བ་དང་རྒྱ་ཡན་དུ་གཏོང་བ་བཅས་གཏན་འགོག་བྱེད་པ། འོས་འགན་སློབ་གསོའི་སློབ་གྲྭས་སློབ་མ་འདེམས་སྒྲུག་བྱ་རྒྱུ་དམིགས་ཡུལ་དུ་བྱས་པའི་རྒྱུགས་ལེན་སྣ་ཚོགས་སྒྲིག་འཛུགས་བྱེད་པའམ་ཡང་ན་འགྲན་བསྡུར་ལག་ཁྱེར་སྣ་ཚོགས་སློབ་མ་བསྡུ་བའི་གཞི་འཛིན་སར་འཛིན་རྒྱུ་གཏན་འགོག་བྱེད་པ། སློབ་གྲྭས་གཏན་འབེབས་ལས་འགལ་ཏེ་སློབ་གྲྭ་སྔ་སྣུར་དུ་འགོ་ཚུགས་པ་དང་གུང་གསེང་ནར་འགྱངས་བྱེད་པ་དང་། དུས་ཆེན་དང་དབྱར་དགུན་གྱི་གུང་གསེང་ལ་བརྟེན་ནས་སློབ་མ་གཅིག་སྡུད་ཐོག་གསབ་ཁྲིད་སྒྲིག་འཛུགས་བྱ་རྒྱུ་གཏན་འགོག་བྱེད་པ། རྒྱལ་ཁབ་ཀྱི་གཏན་འབེབས་ལས་འགལ་ནས་སློབ་མའི་གཉིད་ཉལ་བའི་དུས་ཚོད་ལ་སྦྱོང་ཚན་བཀོད་སྒྲིག་བྱེད་པའམ་ཡང་ན་བྱེད་ཐབས་སྣ་ཚོགས་སྤྱད་དེ་སློབ་མའི“སློབ་གསེང་སྐར་མ་བཅུའི”ངལ་གསོ་བཙན་བཟུང་བྱ་རྒྱུ་གཏན་འགོག་བྱེད་པ། རྒྱལ་ཁབ་ཀྱི་སློབ་ཚན་འཆར་གཞིའི་གཏན་འབེབས་ལས་འགལ་ནས་སློབ་ཚན་གང་འདོད་དུ་ལེགས་སྒྲིག་དང་སྣོན་འཕྲི་བྱས་ཏེ་ཀུན་སྤྱོད་དང་། ལུས་རྩལ། མཛེས་རྩལ། ངལ་རྩོལ་སློབ་གསོ། ཕྱོགས་བསྡུས་ལག་ལེན་བྱེད་སྒོ་བཅས་ཀྱི་སློབ་ཚན་གྱི་དུས་ཚོད་བཙན་བཟུང་བྱ་རྒྱུ་གཏན་འགོག་བྱེད་པ། སློབ་གསོའི་སྲིད་འཛིན་སྡེ་ཚན་གྱིས་གཏན་འབེབས་བྱས་པའི་སྤྱི་འབོར་དང་དུས་ཡུན་ལས་བརྒལ་བའི་སྦྱོང་ཚན་བཀོད་སྒྲིག་བྱེད་པའམ་ཡང་ན་བསྐྱར་ཟློས་རང་བཞིན་དང་ཆད་གཅོད་རང་བཞིན་གྱི་སྦྱོང་ཚན་བཀོད་སྒྲིག་བྱ་རྒྱུ་གཏན་འགོག་བྱེད་པ་སོགས་ཚུད་ཡོད།
      ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བའི་ཐད་བརྡ་ཐོའི་ནང་མཚན་སྙན་གདེང་འཇོག་ལམ་ལུགས་བཙུགས་ནས་ས་གནས་ཁག་གི་སློབ་གསོའི་སྡེ་ཚན་དང་སློབ་གྲྭའི་ཚད་ལྡན་མིན་པའི་སློབ་གཉེར་དང་སློབ་གྲྭ་བཅོས་སྒྲིག་བྱ་སྤྱོད་ཇི་མ་ཇི་བཞིན་ཟིན་ཐོར་བཀོད་ནས་དེ་སློབ་གྲྭ་དང་དགེ་རྒན་གྱི་ཕུལ་བྱུང་དཔྱད་བསྡུར་སྣ་ཚོགས་དང་གཟེངས་བསྟོད་བྱ་དགའ་སྤྲོད་པའི་དཔྱད་གཞི་གལ་ཆེན་དུ་བརྩི་དགོས་པ་དང་། ནུས་པ་ཆེ་རུ་གཏོང་བའི་ལམ་ལུགས་བཙུགས་ནས་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་ཚད་ལྡན་སློབ་གཉེར་རྟེན་གཞིའི་སློབ་གྲྭ་ཁག་གཅིག་བཙུགས་ཏེ་གོ་རིམ་ལྡན་པའི་སྒོ་ནས་ཧྲུའུ་ཅི་དང་སློབ་སྤྱི(ཡོན་ཀྲང)རྟེན་གཞིའི་སློབ་གྲྭར་ལས་ཐོག་གཟབ་སྦྱོང་སྒྲིག་འཛུགས་བྱས་ཏེ་ཚད་ལྡན་གྱི་སློབ་གཉེར་ཆེད་དམིགས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།