༄༅།།ཞིང་པ་མི་གསར་གྱིས་ཚོང་ལམ་གསར་པ་བཏོད་པ།

人民网

      གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་12ཉིན། 10:01】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

      འདི་ག་ཚགས་པར་གྱི་གསར་འགོད་པ། ཅང་ཞའོ་ཏན། འདི་ནི་ལེང་མེ་ཧྭ(གཡོན་གྱི་གཉིས་པ)དང་ཞིང་དུད་ཚོས་སྐས་ཞིང་ནང་སོན་གཏོར་བཞིན་པ།

      “ཐད་གཏོང་ཁང་དུ་ཕེབས་པར་དགའ་བསུ་ཞུ། ཚང་མར་ངོ་སྤྲོད་བྱེད་པའི་ཐོན་རྫས་དང་པོ་དེ་ནི་ང་ཚོ་རང་ཉིད་ཀྱིས་བཏབ་པའི་སྤུས་ལེགས་འབྲས་ཡིན”ཞེས་ཕྱི་དྲོའི་ཆུ་ཚོད་3པར་ལེང་མེ་ཧྭ་ཡིས་ལག་ཏུ་སྤུས་ལེགས་འབྲས་བཟུང་ནས་ཁ་པར་ཐོག་ཐད་གཏོང་བྱེད་འགོ་ཚུགས། རྒྱབ་ལྗོངས་ནི་ཁོང་གིས་ཞིང་ནང་དུ་ངལ་རྩོལ་བྱེད་པའི་བརྙན་ལམ་ཡིན་པ་རེད།

      ལེང་མེ་ཧྭ་ནི་ཀོང་ཏུང་དབྱང་ཅང་དབྱང་ཏུང་ཆུས་ཀྱི་གྲོང་གསེབ་དྲ་ཐོག་ཚོང་དོན་ཐོན་ལས་གླིང་གི་འགན་འཁུར་བ་ཡིན།“དབྱང་ཏུང་ཆུས་ཏཱ་པ་གྲོང་རྡལ་ནས་ཐོན་པའི་སྤུས་ལེགས་འབྲས་ནང་སེའི་གཞི་རྒྱུ་ཕུན་སུམ་ཚོགས་པོ་ཡོད”ཅེས་ཁོང་གིས་ཐད་གཏོང་བྱེད་སྐབས་འབྲས་དང་། ཞོག་ཁོག་མངར་མོ། པད་རྩའི་ཕྱེ་མ་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་ངོ་སྤྲོད་ཞིབ་ཕྲ་བྱེད་ཞོར། ཐད་གཏོང་ལྟ་མཁན་གྱི་དྲི་བར་དུས་ཐོག་ཏུ་ལན་འདེབས་པ་མཐོང་བྱུང་།

      ལེང་མེ་ཧྭ་ཡིས“འཕྲིན་སྟེགས་ཁག་ཏུ་ང་ལ་ཧྥེན་སི་ཁྲི་10ལྷག་ཙམ་ཡོད” རྒྱུན་དུ་ཐད་གཏོང་མ་བྱས་གོང་གྲ་སྒྲིག་ཡག་པོ་བྱེད་ཀྱི་ཡོད། “ཉུང་མཐར་ཡང་ཟླ་ཕྱེད་སྔོན་ནས་ཐོན་རྫས་འདེམས་པ་དང་ཐུམ་སྒྲིལ་ཇུས་འགོད་བྱེད་པ་ནས་ཐུམ་བརྒྱབ་སྟེ་སྐུར་བ་སོགས་ཀྱི་ལྷུ་ཚིགས་རེ་རེ་བཞིན་སྟ་གོན་ཡག་པོ་བྱས་ནས་རྗེས་མཐུད་ཀྱི་ཕྱིར་ཚོང་བདེ་བླག་ཡོང་བའི་འགན་ལེན་བྱེད་ཀྱི་ཡོད”ཅེས་བཤད།

      ཕ་ཡུལ་གྱི་ཞིང་ལས་ཐོན་རྫས་ཁྲོམ་ར་འཁྲུག་པོ་བཟོ་ཆེད། ལེང་མེ་ཧྭ་ཡིས་ཁྲོམ་བཀྱག་འཛུགས་པ་དང་། སྒོ་རྩར་ཁྱབ་གདལ་གཏོང་བ། དྲ་ཐོག་ཕྱིར་ཚོང་སོགས་བྱེད་མྱོང་ཡོད་ལ་བརྒྱུད་རིམ་དེའི་ཁྲོད་ཕ་ཡུལ་གྱི་ཞིང་ལས་ཐོན་རྫས་སྐད་གྲགས་ཆོད་མི་ཐུབ་པ་ཤེས། “སྤུས་ཀ་ཧ་ཅང་ལེགས་ཀྱང་རི་ཁུག་ཏུ་ཡོད་པས་ཤེས་མཁན་གཅིག་ཀྱང་མེད”ཕ་ཡུལ་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། 2022ལོར། ཁོང་གིས་ཚོང་རོགས་དང་མཉམ་དུ་ཏཱ་པ་གྲོང་རྡལ་ཧྲ་ལང་གྲོང་ཚོར་སྐས་ཞིང་མུའུ་1000ཙམ་བརྒྱུད་བཤུག་བྱས་ནས་སྐྱེ་ཁམས་སྤུས་ལེགས་འབྲས་ཀྱི་རྟེན་གཞི་བཏོད་དེ། མཐའ་འཁོར་གྱི་གྲོང་མིར་ལས་ཞུགས་ལས་གནས་མི་ཉུང་བ་མཁོ་འདོན་བྱས་པ་རེད། ལོ་དེར་ཁོང་གིས་ད་དུང་ཚོགས་པ་དང་མཉམ་དུ་ཕ་ཡུལ་ནས་དབྱང་ཏུང་ཆུས་ཀྱི་གྲོང་གསེབ་དྲ་ཐོག་ཚོང་དོན་ཐོན་ལས་གླིང་བཙུགས་པ་དང་འབྲེལ། ཐད་གཏོང་རྟེན་གཞི་ཡང་བསྐྲུན་ནས་དྲ་ཐོག་ཚོང་དོན་ལས་སྟེགས་བརྒྱུད་ཕ་ཡུལ་གྱི་ཞིང་ལས་ཐོན་རྫས་དེ་བས་མང་བ་རི་ཁུག་ནས་ཐོན་ཐུབ་པར་བྱས་པ་རེད།

      ཐོག་མར་ལས་གཏོད་བྱེད་སྐབས་ལམ་ལྷོངས་མ་བྱུང་ཡང་ལེང་མེ་ཧྭ་ཡིས་བློས་བཏང་མེད། ཁོང་གིས་ཚོགས་པའི་སྣེ་ཁྲིད་དེ་ཞིང་ལས་ཐད་ཀྱི་རིགས་གཅིག་མཁས་ཅན་ལ་བཀའ་འདྲི་ཞུས་ཁར་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ཏེ་གོམ་པ་རེ་རེ་བཞིན་མདུན་སྐྱོད་བྱས། ཉེ་བའི་ལོ་གཉིས་ནང་། ཁོང་གིས་ཐད་གཏོང་ཟོག་ཚོང་གི་ལས་རིམ་ལ་རིམ་གྱིས་རྒྱུས་ལོན་ནས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཐད་གཏོང་ཁྱད་ཆོས་ཤིག་ཆགས། ཁོང་གི་ཐད་གཏོང་ཁང་ནས་ཚོང་ཟོག་ཉོ་མཁན་ཡང་ཇེ་མང་དུ་འགྲོ་གི་ཡོད། ད་ཆ་རང་ཉིད་ཀྱི་ཚོགས་པར་ཡང་ལས་བྲེལ་ཆེན་པོ་ཡོད། ཞིང་ལས་ཐོན་རྫས་སྤུས་ལེགས་འཚོལ་ཆེད་མཐའ་འཁོར་གྱི་གྲོང་ཚོ་ཚང་མར་བསྐྱོད་པས་སྤུས་རྟགས་དེའི་ཁོངས་གཏོགས་ཀྱི་ཞིང་ལས་ཐོན་རྫས་ཀྱང་ཉིན་བཞིན་ཕུན་སུམ་ཚོགས་སུ་འགྲོ་གི་ཡོད་པ་རེད།

      དྲ་ཐོག་ཚོང་དོན་ཐོན་ལས་གླིང་ལ་བརྟེན་ནས། ལེང་མེ་ཧྭ་ཡིས་དྲ་ཐོག་གསོ་སྦྱོང་དང་དྲ་ཕྱིའི་དངོས་སྤྱོད་ཟུང་འབྲེལ་གྱི་་རྣམ་པ་བརྒྱུད་དྲ་ཐོག་ཚོང་དོན་གྱི་ཤེས་ལྡན་པ་གསོ་སྦྱོང་གི་བྱེད་སྒོ་ཐེངས་མང་སྤེལ་ཏེ། ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་འདོད་ཡོད་པའི་གཞོན་ནུ་ཚོར་ཉམས་མྱོང་མཁོ་འདོན་གྱིས་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་ལ་ཆེད་ལས་ཤེས་ལྡན་པ་གསོ་སྐྱོང་བྱས་པ་རེད། ལེང་མེ་ཧྭ་ཡིས“ཡོན་ཏན་ཡོད་པ་དང་། ལག་རྩལ་ཤེས་པ། གཉེར་སྐྱོང་བྱེད་མཁས་པ་བཅས་ཀྱི་ཞིང་པ་མི་གསར་ཇེ་མང་དུ་འགྲོ་གི་ཡོད་པས། ན་གཞོན་དེ་བས་མང་བ་འདིའི་ནང་ཞུགས་རྒྱུའི་རེ་བ་ཡོད”ཅེས་བཤད།