༄༅།།འཇའ་ཚོན་སྣ་ལྔས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ལ་བཀྲག་མདངས་བསྣན།

人民网

      ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་མིང་ཡུས།

      གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་20ཉིན། 10:19】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

      མེས་རྒྱལ་ལྷོ་ནུབ་ཏུ་ལང་ལོང་དུ་རྒྱུག་པའི་འབྲི་ཆུས་མུ་འབྲེལ་རི་བོ་འཕྲེད་དུ་བཅད་ཅིང་། དེ་གར་ལྷུན་སྡུག་གི་གངས་རི་དང་། མེ་ལོང་ལྟར་དྭངས་པའི་མཚོ་མོ། མུ་མཐའ་མེད་པའི་རྩྭ་ཐང་། གཡང་གཟར་གྱི་གྲོག་རོང་བཅས་ཡོད།

      ཉེ་ཆར་གསར་འགོད་པས་2024ལོའི“ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་གྱི་བརྗོད་དོན་གཙོ་བོའི་རིག་གནས་བྱེད་སྒོ”སྤེལ་བ་དང་སྦྲགས། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་དང་ལི་ཅང་གྲོང་ཁྱེར་དུ་བསྐྱོད་ནས་ལ་བརྒྱབ་ཀླུང་བརྒལ་བྱེད་རིང་མི་རིགས་ཁག་མི་རབས་ནས་མི་རབས་བར་འཆམ་མཐུན་དང་ལྟ་རེས་སྐྱོང་རེས་བྱེད་པའི་ལྷད་མེད་ཀྱི་བརྩེ་སེམས་མྱོང་ཚོར་ཟབ་མོ་བྱུང་ཞིང་། མི་རིགས་ཁག་གི་སྣ་མང་ཕུན་སུམ་ཚོགས་པ་དང་ཕན་ཚུན་མཉམ་འདྲེས་ཀྱི་རིག་གནས་ཀྱི་ངོ་མཚར་མྱོང་རོལ་ཐུབ་པ་མ་ཟད། མི་རིགས་ཁག་གི་མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་མཉམ་སྐྲུན་བྱེད་པའི་མདུན་ལམ་བཟང་པོར་བདེན་དཔང་ཡང་ཐུབ་ཡོད།

      གཅིག་སེམས་གཅིག་མཐུན་གྱིས་མཐུན་སྒྲིལ་འབྱོར་ཕྱུག་གི་མཆོང་སྐྱོད་གསར་པ་མངོན་འགྱུར་བྱེད་པ།

      “ངའི་ཁྱིམ་དུ་མི་རབས་བཞི་མཉམ་འཛོམས་བྱུང་བ་དང་མི་རིགས་5ལས་གྲུབ་ཡོད”ཅེས་ཁྱིམ་ཚང་གི་གནས་ཚུལ་སྐོར་གླེང་སྐབས་འཇང་རིགས་ཀྱི་ཏང་ཡོན་ཧོ་ཧྥེང་ལན་གྱིས་སྤོབས་སེམས་ཆེན་པོས“ངའི་བཟའ་ཟླ་དང་བུ་མོ་བོད་རིགས་དང་གཅེན་མོའི་བཟའ་ཟླ་ལི་སུའུ་རིགས། བུ་མོའི་མག་པ་པའེ་རིགས། ཚ་བོའི་མནའ་མ་རྒྱ་རིགས་ཡིན་པ་དང་། ནང་མི་ཚང་མ་དགའ་དགའ་སྤྲོ་སྤྲོའི་ངང་འཆམ་མཐུན་གྱི་འཚོ་བར་རོལ་བཞིན་ཡོད”ཅེས་བཤད།

      ཧོ་ཧྥེང་ལན་གྱི་ཁྱིམ་ནི་བདེ་ཆེན་ཀྲོའུ་འབའ་ལུང་རྫོང་ཆི་པེ་གྲོང་ཚོར་ཡོད་ཅིང་། སྨི་ངོས་གྲུ་600ཙམ་ཟིན་པའི་བོད་བཟོའི་སྡོད་ཁང་གི་འོག་ཁང་དུ་ནང་མི་ཚོ་སྡོད་པ་དང་ཉིས་ཐོག་ཏུ་ཁྱིམ་ཚང་མགྲོན་ཁང་བཙུགས་ཡོད། དེ་གར་ནང་མི་ཚང་མས་དཔྱིད་གསར་དུས་ཆེན་དང་། ཟླ་མཆོད་དུས་ཆེན། དཔལ་འབར་དུས་ཆེན། ཁོ་ཧྲིའི་དུས་ཆེན་སོགས་དགའ་གཏོང་བྱེད་པ་དང་། གསོལ་ཅོག་སྟེང་ཇ་བསྲུབས་མ་དང་ཆི་སྣུམ་བྱ་ཤ་སོགས་མི་རིགས་ཁག་གི་ཞིམ་ཟས་སྣ་ཚོགས་བསྒྲིགས་ཡོད།

      “ཏང་གི་སྲིད་ཇུས་བཟང་པོའི་ཐུགས་རྗེ་ལས་ངེད་ཚོ་འཚོ་བ་ཡག་པོ་སྐྱེལ་རྒྱུ་བྱུང་ལ། མི་རིགས་མི་འདྲ་བའི་གྲོགས་པོའང་སྒྲིག་རྒྱུ་བྱུང”ཞེས་ཧོ་ཧྥེང་ལན་གྱིས་བཀའ་དྲིན་ཟབ་མོ་ཚོར་བཞིན་དུ་ཏང་དང་སྲིད་གཞུང་གི་རོགས་རམ་འོག་ངེད་ཚོར་ཁ་གསབ་རོགས་དངུལ་སྒོར་ཁྲི་10ལྷག་ཙམ་རག་ནས་ཁྱིམ་ཚང་མགྲོན་ཁང་འཕེལ་རྒྱས་བཏང་བ་དང་ལོ་ལྟར་ད་དུང་ཆེད་ལས་གསོ་སྦྱོང་ཐེངས་གཉིས་རེ་བྱེད་ཀྱི་འདུག “ད་ཆ་ཡུལ་སྐོར་བ་ཇེ་མང་དུ་འགྲོ་བ་དང་ད་ལོའི་ལོ་སྟོད་ཁོ་ནར་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་བྱུང”ཞེས་བཤད།

      ནང་མི་ཚང་མའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་མི་རིགས་ཁག་མཐུན་སྒྲིལ་འབད་འབུངས་ཀྱི་གསོན་ཉམས་དོད་པའི་མཚོན་ཚུལ་རེད།

      གཞུང་འཁྱོངས་གསར་འབྱེད་ཀྱིས་མཛེས་སྡུག་མཉམ་གནས་ཀྱི་འཆར་གཞི་གསར་པ་འདིང་བ།

      ལི་ཅང་གྲོང་ཁྱེར་གཡུ་ལུང་རྫོང་ཅུན་ལེང་སྨད་གྲོང་ཚོར་སྐྱོད་སྐབས་མི་རིགས་ཀྱི་རིག་གནས་མྱོང་རོལ་ཁང་དུ་སྟོན་པའི་ཤོག་བཟོའི་སྒྱུ་རྩལ་གྱི་རྒྱུན་འཛིན་པ་ཧོ་ཤིའུ་ཧུང་གིས་ཡུལ་སྐོར་བ་ཁྲིད་དེ་སྟོན་པའི་ཡི་གེ་འབྲི་བ་དང་སྟོན་པའི་ཤོག་བུ་བཟོ་བཞིན་འདུག

      གསར་འགོད་པར་མྱོང་རོལ་ཁང་གི་གང་ས་ཅི་ཐད་ནས་མི་རིགས་ཁག་གི་རིག་གནས་མཉམ་འདྲེས་བྱེད་པ་སྟེ། རྒྱན་ཆ་ཚང་མར་འཁྲི་ཤིང་བསླས་མ་དང་། ཚོས་རྒྱག་སྟངས། དངུལ་རྒྱན་སོགས་མི་རིགས་ལག་ཤེས་སྒྱུ་རྩལ་མཉམ་འདྲེས་བྱས་པ་དང་བཀྲ་ཤིས་མཚོན་རྟགས་ཡི་གེ་དང་བཀྲ་ཤིས་བྱ་འབྲུག་ཁ་སྤྲོད་སོགས་ཀྲུང་ཧྭ་ཡི་རིག་གནས་ཀྱི་མཚོན་རྟགས་ལས་མི་རིགས་ཁག་གིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་ཟབ་མོ་མཚོན་པ་མཐོང་བྱུང་།

      ན་གཞོན་ལག་ཤེས་སྒྱུ་རྩལ་པ་ལེང་ཕེ་རུའུ་ཡིས་སྟོན་པའི་ཤོག་བུའི་སྟེང་གསོན་ཉམས་དོད་པའི་བྱི་ལ་བྲིས་པར་ཡུལ་སྐོར་བས་འགྲོ་མཚམས་བཞག་ནས་ལྟད་མོ་ལྟ་བ་དང་། ཁོང་གིས“སྤྱི་དམངས་ཚོས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ལ་རྒྱུས་མངའ་ལོན་ཐབས་བྱེད་པར་གཅིག་ནས་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་དགོས་ལ་དེ་བས་དུས་བསྟུན་འཕེལ་རྒྱས་གཏོང་དགོས”ཞེས་བཤད།

      ཤེས་རྟོགས་བྱུང་བར་གཞིགས་ན། ཡུན་ནན་གྱིས་ལོ་མང་བསྟུད་མར་རིག་གནས་དམངས་ཕན་འདུ་འགོད་དང་། མི་རིགས་ཀྱི་ཕུལ་བྱུང་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་འདུ་འགོད། མི་རིགས་ཀྱི་རིག་གནས་སྤུས་རྟགས་འདུ་འགོད་བཅས་ལག་བསྟར་བྱས་པ་རེད།

      ཕུགས་འདུན་མཉམ་དུ་བཏོད་དེ་བློ་སྒྲིལ་སེམས་སྐྱེད་ཀྱི་ལེའུ་གསར་པ་རྩོམ་པ།

      ཟླ་5ཚེས་30ཉིན་གྱི་ཉིན་དགུང་ཙམ་དུ་ལི་ཅང་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་དཔེ་མཛོད་ཁང་དུ“ཀྲང་ཀུའེ་མེ་ཡི་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཆེན་མོ”ཚོགས་བཞིན་ཡོད་པ་དང་། སློབ་མ་རྣམས་ཀྱིས་སྐབས་རེ་ཐལ་མོ་དྲག་ཏུ་རྡེབ་པ་དང་། སྐབས་རེ་མཆི་མ་དབང་མེད་ཤོར་བ། ཡང་སྐབས་རེ་ཁ་ཁུ་སིམ་མེར་སྡོད་བཞིན་མཆིས།

      ཀྲང་ཀུའེ་མེ་ཡི་ཤུགས་རྐྱེན་ཟབ་མོ་ཐེབས་པའི་ན་གཞོན་ཚོ་འཆད་སྟེགས་སྟེང་དུ་བསྐྱོད་དེ་མིག་དཔེ་ལས་བྱུང་བའི་སྟོབས་ཤུགས་ལ་དྲན་གསོ་གཏིང་ཟབ་བྱེད་ཅིང་། ཁོང་ཚོའི་ཁྲོད་མཐའ་མཚམས་ཀྱི་སློབ་གསོར་རྒྱབ་སྐྱོར་བྱེད་མཁན་སློབ་མ་དང་། རི་ཁུག་ཏུ་གཞིས་ཆགས་པའི་དགེ་རྒན་ཡོད་ལ། ཉེན་ཁའི་མདུན་དུ་དཔའ་ངར་ཆེན་པོས་གདོང་མཆོང་བྱེད་ཕོད་པའི་མི་དམངས་ཉེན་རྟོག་པའང་ཡོད་པ་རེད།

      ལི་ཅང་དགེ་འོས་ཆེད་ཚན་སློབ་གྲྭའི་སློབ་སྤྱི་གཞོན་པ་ཀྲང་ལན་ཧྲེང་གིས། སློབ་གྲྭས་ཀྲང་ཀུའེ་མེ་ཡི་སྔོན་ཐོན་མཛད་རྗེས་སློབ་སྦྱོང་དང་དར་སྤེལ་གཏོང་རྒྱུ་བརྗོད་དོན་གཙོ་བོར་བྱས་ཏེ“ཀྲང་ཀུའེ་མེ་ཡི་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཆེན་མོ”འཚོགས་དོན་ནི་ཀྲང་ཀུའེ་མེ་ཡི་ཏང་ལ་ལྷག་བསམ་ཟོལ་མེད་དང་། མི་དམངས་གོང་དུ་བཀུར་བ། སྒེར་སེམས་མེད་པའི་ལེགས་སྐྱེས་འབུལ་བ། བློ་རྩ་བརྟན་པོ་བཅས་ཀྱི་ཕུལ་བྱུང་གཤིས་རྒྱུད་དར་སྤེལ་ཤུགས་ཆེན་བཏང་ཐོག་མི་རིགས་ཁག་གི་དགེ་སློབ་ཁྲོད་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་རྩ་བ་ཚུགས་པ་དང་ཡལ་ག་རྒྱས་པར་བྱ་ཆེད་ཡིན་ཞེས་བཤད་པ་རེད།

      ཡུན་ནན་ས་གཞི་ཆེན་མོར་ཁོང་གི་བསམ་པའི་སྙིང་སྟོབས་དེ་མི་རིགས་ཁག་གི་བུ་ཕྲུག་གི་སེམས་ནང་གཏིང་ཟབ་ཟུག་པ་དང་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་སུ་གྱུར་ཡོད།

      རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་རྒྱུ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་འཐབ་ཇུས་ཀྱི་ལས་འགན་ཞིག་རེད། བརྗོད་དོན་གཙོ་བོའི་རིག་གནས་ཀྱི་བྱེད་སྒོ་སྤེལ་བར་ས་གནས་ཁག་གི་ཕུན་སུམ་ཚོགས་པའི་རིག་གནས་ཐོན་ཁུངས་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་རྒྱུ་དམིགས་ཚད་དུ་བྱེད་པ་དང་གཞི་རིམ་མང་ཚོགས་ལ་ཁ་ཕྱོགས་ནས་རྣམ་པ་སྣ་ཚོགས་ཀྱི་རིག་གནས་བྱེད་སྒོ་སྤེལ་ཐོག་ནང་དོན་གསར་པ་སྣོན་པ་དང་། རྣམ་པ་གསར་པ་གསར་གཏོད་བྱེད་པ། ཕན་འབྲས་གསར་པ་ཆེ་རུ་གཏོང་བ། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ཤུགས་ཚད་དང་། རྒྱ་ཆེ་ཚད། གཏིང་ཟབ་ཚད་བཅས་ཆེ་རུ་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་སྐྲུན་པར་མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ཡོད་པ་བཅས་བྱེད་པར་སྐུལ་འདེད་བཏང་ཐོག་མི་རིགས་ཁག་གི་མང་ཚོགས་ཚོར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་བྱེད་དགོས་ཞེས་བཤད་པ་རེད།

      ཆར་རྗེས་སུ་མཁའ་རླུང་གཙང་བ་དང་ལི་ཅང་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ཐོག་ཤུགས་འགྲེམས་མེ་འཁོར་བྱ་འཕུར་བ་ལྟར་བསྐྱོད་ཅིང་། གསར་འགོད་པས་ཤུགས་འགྲེམས་མེ་འཁོར་ཐོག་ནས་མཁའ་དབྱིངས་སུ་འཇའ་ཚོན་སྣ་ལྔ་ཤར་ཏེ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ལ་བཀྲག་མདངས་གསར་པ་བསྣན་པ་མཐོང་བྱུང་།