༄༅།།སློབ་གསོ་པུའུ་ཡིས་དྲན་སྐུལ་བྱས་འདུག 

人民网

      གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་01ཉིན། 14:22】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

      མཐོ་སློབ་ཀྱི་སློབ་མ་བསྡུ་ལེན་ལས་དོན་སྤེལ་འགོ་ཚུགས་ཉེར་ཡོད་པ་རེད། ཁྲིམས་འགལ་བ་ཁག་གཅིག་གིས་ཆ་འཕྲིན་རྫུན་བཟོ་དང་། སྒྲོ་བཏགས་ནས་དྲིལ་བསྒྲགས་བྱེད་པ། རྒྱུགས་སྤྲོད་ལ་སེམས་ཁྲལ་བཟོ་བ་སོགས་ཀྱི་བྱ་ཐབས་བརྒྱུད། ཚན་རྩལ་མཐོ་བའི་བྱེད་ཐབས་ལ་བརྟེན་ནས་ཁ་བསླུས་རྒྱག་གི་ཡོད། ཟླ་6ཚེས་29ཉིན་གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སློབ་གསོ་པུའུ་ཡིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་ལ་ཚད་ལྡན་གྱི་ཐབས་ལམ་ཐོག་ནས་སློབ་མ་བསྡུ་ལེན་གྱི་སྲིད་ཇུས་དང་ཆ་འཕྲིན་ཤེས་རྟོགས་དང་ངོས་འཛིན་བྱེད་ཏུ་བཅུག་སྟེ། མགོ་སྐོར་ཐེབས་ནས་གྱོང་གུན་སྣ་ཚོགས་མི་འབྱུང་བར་བྱེད་དགོས་པའི་དྲན་སྐུལ་ནན་ཏན་བྱས་པ་རེད།

      ཤེས་རྟོགས་བྱུང་བར་གཞིགས་ན། མཐོ་སློབ་ཀྱི་སློབ་མ་བསྡུ་ལེན་བྱེད་རིང་། ཁྲིམས་འགལ་བ་ཁག་གཅིག་གིས་ནང་ཁུལ་གྱི་དམིགས་བསལ་ཐབས་ལམ་ཡོད་པ་དང་། ནང་ཁུལ་གྱི་སློབ་མ་བསྡུ་བའི་མི་གྲངས་ཁོང་དུ་ཆུད་ཡོད་ཚུལ་བཤད་ནས་རྒྱུ་ནོར་གཡོ་ལེན་བྱེད་པའི་དམིགས་འབེན་སྒྲུབ་བཞིན་ཡོད། སློབ་གསོ་པུས་མཐོ་སློབ་ཀྱི་སློབ་མ་བསྡུ་ལེན་ལ་ལས་ཀའི་བརྒྱུད་རིམ་ནན་པོ་ཡོད་པས་“ནང་ཁུལ་གྱི་དམིགས་ཚད་”ཟེར་བ་མེད། “དངུལ་བཏང་ན་སློབ་ཆེན་གྱི་མི་གྲངས་ཉོ་ཐུབ་”ཅེས་པའི་ཁ་བསླུས་ཀྱི་ཆ་འཕྲིན་དེ་རིགས་ལ་དོགས་ཟོན་ཆེན་པོ་བྱེད་དགོས་པ་དང་གཡོ་འོག་ཏུ་ཚུད་མི་རུང་བའི་དྲན་སྐུལ་བྱས་པ་རེད།

      གཞན་ཡང་། རྒྱུགས་སྤྲོད་སློབ་མ་ཁག་གཅིག་གི་མཐོ་རྒྱུགས་སྐར་གྲངས་མཐོ་སློབ་ཀྱི་བསྡུ་ལེན་བླང་བྱ་དང་མི་མཐུན་མོད། འོན་ཀྱང་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་ལ་སྔར་བཞིན་སློབ་ཆེན་དུ་འགྲོ་འདོད་ཆེན་པོ་ཡོད་པས་ཁྲིམས་འགལ་བས་དེ་བེད་སྤྱོད་བྱས་ནས། བསྡུ་ལེན་གྲོན་དངུལ་དང་འགྲོ་ལུགས་འགྲོ་གྲོན་མཐོན་པོ་ལེན་པ་རེད། སློབ་གསོ་པུས་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་ལ་ངེས་པར་དུ་སྤྱིར་བཏང་གི་མཐོ་རིམ་སློབ་གསོ་དང་སློབ་གསོའི་རྣམ་པ་གཞན་དག་དབྱེ་བ་ནན་པོར་ཕྱེ་ནས། རང་ཉིད་དང་འཚམ་པའི་སློབ་སྦྱོང་བྱེད་སྟངས་འདེམས་དགོས་པའི་དྲན་སྐུལ་བྱས་པ་རེད།

      སློབ་གསོ་པུའུ་ཡིས་ད་དུང་“གཞུང་ཕྱོགས་དྲ་ཚིགས་”ཀྱི་མཚོན་རྟགས་ངོས་འཛིན་བྱས་ནས། གཞུང་ཕྱོགས་ཀྱིས་ཡོངས་བསྒྲགས་དང་ངོས་འཛིན་བྱས་པའི་དྲ་ཚིགས་བརྒྱུད། བསྡུ་ལེན་ཆ་འཕྲིན་གཏན་འཁེལ་བྱེད་དགོས་པ་དང་། བསྡུ་ལེན་བརྡ་ཐོའི་ཆ་འཕྲིན་འབྱོར་སྐབས་ཞིབ་འབྱེད་བྱ་རྒྱུར་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།