༄༅།།“མི་རིགས་ལྔ་བཅུ་ང་དྲུག་གོང་བུ་གཅིག་ཏུ་བསྒྲིལ་ན་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་ཡིན”

人民网

      —— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དང་ཉིང་ཞར་རྟོག་ཞིབ་གནང་བའི་སྐོར་གྱི་དངོས་བྲིས།

      གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་25ཉིན། 13:28】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

      འདི་ག་ཚགས་པར་ཁང་གི་གསར་འགོད་པ། ཏུའུ་ཧྲང་ཙེ། ཧོ་ཡུང་།

      ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲང་ཞའོ་སུང་། ཀྲུའུ་ཅི་ཁྲེས།

      ཡན་ཨན་དུ་ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཆབ་སྲིད་ལས་དོན་ཚོགས་འདུར་ཞུགས་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕེབས་མཚམས་མི་བཞག་པར་མཚོ་སྔོན་དང་ཉིང་ཞར་ཕེབས་པ་རེད། ད་རེས་ནུབ་བྱང་དུ་ཕེབས་རིང“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུའི”གཙོ་རྐང་འདི་མགོ་ནས་མཇུག་བར་དུ་ཁྱབ་ཡོད།

      ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཞིག་རེད། ལོ་75ཡི་རིང་། རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་རྒྱུན་མཐུད་ངང་འཕེལ་རྒྱས་བྱུང་ཡོད། ཇི་ལྟར་བྱས་ནས་མི་རིགས་ལྔ་བཅུ་ང་དྲུག་སྣ་མང་གི་ཁྲོད་དུ་གཞི་གཅིག་ཏུ་འགྱུར་བ་དང་གཞི་གཅིག་གི་ཁྲོད་དུ་མེ་ཏོག་མཉམ་བཞད་ཡོང་བ་བྱེད་དགོས་པ་དེར། བརྟག་དཔྱད་ཞིབ་འཇུག་བྱས་ནས་ལན་བརྒྱབ་ཡོད།

      ཟླ་བ་རྗེས་མར་སྔར་ལས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་ཡོལ་ཁེབས་ཆེན་པོ་འབྱེད་རྒྱུ་རེད། ཇི་ལྟར་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྟོབས་ཤུགས་སྔར་ལས་གཅིག་ཏུ་སྒྲིལ་དགོས་པ་དེར། བརྟག་ཞིབ་བྱས་ནས་ཁྲིད་སྟོན་བྱས་ཡོད།

      མཚོ་སྔོན་དང་ཉིང་ཞ་གཉིས་ཀ་ནུབ་རྒྱུད་ཀྱི་ཁོངས་སུ་གཏོགས། ཟླ་བ་གཉིས་ཀྱི་གོང་ལ། དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་རྒྱུའི་བཞུགས་མོལ་ཚོགས་འདུ་འཚོགས་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ཁྲོད་དུ་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་པ་དེར། བརྟག་ཞིབ་བྱས་ནས་ཁ་ཕྱོགས་སྔར་བས་གསལ་པོར་བསྟན་ཡོད།

      སློབ་གྲྭ་དང་། གནའ་དགོན། སྡེ་ཁུལ་བཅས་སུ་གནས་ཚུལ་ཞིབ་དཔྱད་དང་། ཐབས་ཇུས་ནན་འདྲི། གནས་ལུགས་གསལ་རྟོགས་བཅས་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་རིགས་ལྔ་བཅུ་ང་དྲུག་གི་ཁྲོད་ནས་མི་རིགས་དེ་ཡིན་ནའང་འདྲ་ཡང་ན་མི་རིགས་ཕ་གི་ཡིན་ནའང་འདྲ། གང་ལྟར་ང་ཚོ་ཚང་མ་ཁྱིམ་ཚང་ཆེན་པོ་གཅིག་ནས་ཡིན་པ་སྟེ། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོ་ཡིན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་ཡག་པོ་འཛུགས་དགོས། སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བ་བཞིན་མཐུན་སྒྲིལ་ཡག་པོ་བྱེད་དགོས”ཞེས་མྱོང་ཚོར་ཟབ་མོས་གསུངས་པ་རེད།

      མཉམ་ལས།

      “རྒྱལ་ཡོངས་བསམ་ཇུས་གཅིག་རྒྱུན་འཁྱོངས་བྱེད་དགོས”

      ཟླ་6ཚེས་18ཉིན་ཟི་ལིང་གི་ས་ཚིགས་དང་པོར་འབྱོར་རྗེས་སྤྱི་ཁྱབ་ཧྲུའུ་ཅི་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་དུ་ཕེབས་པ་རེད།

      མགོ་ལོག་ནི་མཚོ་སྔོན་གྱི་ཤར་ལྷོའི་རྒྱུད་དུ་གནས་ཤིང་ས་བབ་མཐོ་བ་དང་། གནམ་གཤིས་ཞན་པ། ཁོར་ཡུག་དཀའ་ཚེགས་ཆེ་བ་བཅས་ཀྱི་ཡུལ་ཞིག་རེད། ཧྲང་ཧའེ་ཡིས་མ་དངུལ་བཏང་ནས་མགོ་ལོག་ལ་ཟི་ལིང་དུ་ཞག་སྡོད་ལམ་ལུགས་ཀྱི་སློབ་འབྲིང་ཞིག་རོགས་སྐྲུན་བྱས་ཡོད།

      1996ལོར་ཤར་ནུབ་དབུལ་སྐྱོར་མཉམ་ལས་བྱེད་འགོ་ཚུགས་པ་དང་དུས་རབས་གསར་པར་སླེབས་རྗེས་ཤར་ནུབ་མཉམ་ལས་སུ་རིམ་པ་སྤར་ཞིང་། དངུལ་དང་དངོས་པོ་སྤྲོད་པ་ནས་རིམ་པ་མང་བ་དང་། རྣམ་པ་མང་བ། ཕྱོགས་ཡོངས་བཅས་བར་གྱི་མཉམ་ལས་རྣམ་པ་ཞིག་ཆགས་ཏེ། མ་དངུལ་དང་། ཐོན་ཁུངས། ལག་རྩལ། ཤེས་ལྡན་པ་བཅས་ཀྱི་ཆུ་རྒྱུན་ནུབ་རྒྱུད་ལ་ཤང་ཤང་དུ་རྒྱུག་ཡོད། མཚོ་སྔོན་ལ་ཆ་མཚོན་ན“ཏང་ཀྲུང་དབྱང་གིས་པེ་ཅིང་སོགས་ཞིང་ཆེན་དང་གྲོང་ཁྱེར་6དང་ཆིང་ཧྭ་སློབ་ཆེན་སོགས་མཐོ་སློབ་23ཁ་གཏད་མཚོ་སྐྱོར་བྱ་རྒྱུར་བཀོད་སྒྲིག་བྱས་ཡོད། དེའི་ནང་སློབ་གསོ་མཚོ་སྐྱོར་དེ་སློབ་དུས་ཁག་དང་། ས་ཁུལ་ཁག ཤེས་ལྡན་པའི་མ་དངུལ་རྣམ་གྲངས་བཅས་ལ་ཡོངས་སུ་ཁྱབ་ཡོད”

      སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་དངོས་སུ་རྒྱུས་མྱོང་མཁན་དང་སྐུལ་འདེད་གཏོང་གནང་མཁན་ཞིག་རེད། ཡུན་རིང་མ་སོང་གོང་སྤྱི་ཁྱབ་ཧྲུའུ་ཅིས་ད་དུང་སི་ཁྲོན་ཞིང་ཆེན་ནན་ཁྲུང་གྲོང་ཁྱེར་ཀྲི་ཅང་སློབ་ཆུང་གི་སློབ་མར་འཕྲིན་ལན་སྤྲིངས་གནང་ཡོད། དེ་ནི་ཀྲེ་ཅང་དུ་ཕྱག་ལས་གནང་སྐབས་ཐུགས་ཁུར་དང་སྐུལ་འདེད་བཏང་གནང་བའི་ཁ་གཏད་རོགས་སྐྱོར་སློབ་གྲྭ་ཞིག་རེད།

      མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གི་སློབ་སྤྱི་ནི་ཧྲང་ཧའེ་ནས་ཡོང་བ་ཞིག་རེད། ཟ་ཁང་དང་། ཉལ་ཁང་། སློབ་ཁང་། སློབ་མ་གྲུབ་ཚུལ། སློབ་ཚན་བཀོད་སྒྲིག ལུས་རྩལ་སྦྱོང་བརྡར་སོགས་དེ་གའི་གནས་ཚུལ་ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅིར་ངོ་སྤྲོད་ཞིབ་ཕྲ་ཞུས་པ་རེད། མཐོ་རིམ་སློབ་འབྲིང་གི་ལོ་རིམ་དང་པོའི་འཛིན་གྲྭ་དང་པོའི་ཕྲུ་གུ་ཚོ་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཉན་བཞིན་ཡོད་ཅིང་། བརྗོད་དོན་གཙོ་བོ་ནི“དུས་རབས་གསར་པ་དང་ཕ་ཡུལ་གསར་པ”ཞེས་པ་དེ་རེད། རྒྱལ་ཁབ་ཀྱི་ལྟ་བ་དང་མི་རིགས་ཀྱི་ལྟ་བ་ཐོག་མ་ཉིད་ནས་ཡག་པོ་འཇགས་པར་བྱེད་དགོས།

      “ངའི་ཕ་ཡུལ་མགོ་ལོག་ཀྲོའུ་པད་མ་རྫོང་ནས་ཡིན”ཞེས་ཡར་ལངས་ནས་ཤོད་མཁན་བུ་མོ་དེའི་མིང་ལ་ངེས་དོན་ལྷ་མོ་ཟེར། ཁོ་མོས་རི་མོ་ཞིག་ཡར་བཀྱགས་ནས་སྤྱན་འབུལ་ཞུས་པ་སྟེ། “སྔོན་ཆད་ཕྱུགས་འཚོ་བར་འགྲོ་སྐབས་ཕྱུགས་རིགས་དེད་ནས་འགྲོ་དགོས་ཤིང་། གལ་སྲིད་ཕྱུགས་རིགས་བརླགས་ན་གང་ས་གང་དུ་འཚོལ་བར་འགྲོ་དགོས། རྟ་བཞོན་ནས་ཕྱུགས་རིགས་འཚོ་བ་ནས་སྦག་སྦག་བཞོན་ཏེ་ཕྱུགས་འཚོ་བར་འགྲོ་བ། ད་ཆ་འབྲོག་པ་ལ་ལས་མི་མེད་གནམ་གྲུར་བརྟེན་ནས་ཕྱུགས་འཚོ་གི་ཡོད། ངའི་ཕ་ཡུལ་དེ་བས་དེང་རབས་ཅན་དུ་གྱུར་ཡོད”

      “ཁྱིམ་དུ་ཁྱིམ་སྤྱོད་གློག་ཆས་དེ་དག་ཡོད་དམ”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རི་མོར་ཕྱག་མཛུབ་བཙུགས་ནས་བཀའ་འདྲི་གནང་བར། “ཡོད། གོས་འཁྲུ་འཕྲུལ་ཆས་དང་བརྙན་འཕྲིན་སོགས་ཚང་མ་ཡོད”ཅེས་ཞུས།

      “ཁྱིམ་དུ་ནོར་ག་ཚོད་ཡོད་དམ”“འབྲོག་ཁྱིམ་ཞིག་ལ་མཚོན་ན་ནོར་ལྔ་བཅུ་དྲུག་ཅུ་ཡོད་པ་ནི་གཞི་ཁྱོན་འབྲིང་ཙམ་རེད”

      “ཁྱེད་ཚོས་རྟ་བཞོན་ཤེས་ཀྱི་ཡོད་དམ”ཞེས་བཀའ་འདྲི་གནང་མ་ཐག་སློབ་གྲོགས་ཚང་མས“བཞོན་ཤེས་ཀྱི་ཡོད”ཅེས་དགོད་འཚེར་འཚེར་ངང་ཞུས།

      སྤྱི་ཁྱབ་ཧྲུའུ་ཅིས“འབྲོག་ཁུལ་ནས་འདི་གར་སླེབས་རྗེས་འཚོ་བའི་གོམས་གཤིས་ཐད་ལ་འགྱུར་ལྡོག་ཅུང་ཙམ་ཡོང་ངེས་རེད། འོན་ཀྱང་ཁྱེད་ཚོའི་མི་ཚེར་གོ་སྐབས་དེ་བས་མང་པོ་ཐོབ་ངེས་རེད”ཅེས་བྱམས་བརྩེའི་ངང་གསུངས་པ་རེད།

      གཟུགས་སྟོབས་ཆེ་བའི་བུ་གཡང་ལྡན་གྱིས་ཡར་ལངས་ནས“སྤོ་བོ་ཞི་ལགས། སྐུ་ཁམས་བཟང་། ངའི་ཕ་ཡུལ་མགོ་ལོག་གཅིག་སྒྲིལ་རྫོང་ཡིན། དེ་སྔོན་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཆ་རྐྱེན་ཞན་པ་དང་གྲང་ཉར་ལག་རྩལ་ཡག་པོ་མེད་པའི་རྐྱེན་གྱིས་ཚགས་ཤ་དང་ལུག་ཤ་ཉར་ཚགས་བྱེད་ཁག་པོ་ཡོད། ད་ཆ་འཚོ་བར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་སོང”ཞེས་ཞུས།

      ཡངས་ཤིང་རྒྱ་ཆེ་བའི་ཀྲུང་གོའི་འཕོ་འགྱུར་ཆེན་པོ་དེ་རི་འདབས་དང་། ཆུ་བོ། དུད་ཚང་བཅས་ཚང་མར་བྱུང་ཡོད།

      ལོ་རྒྱུས་ལ་ཕྱིར་མིག་ལྟ་སྐབས་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དུ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཕྱིན་པའི་མྱོང་ཚོར་སྔར་ལས་ཟབ་མོ་བྱུང་། སྤྱི་ཁྱབ་ཧྲུའུ་ཅིས“བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ནང་ཉེ་རབས་ལོ་རྒྱུས་ཀྱི་ནང་དོན་ཡོད་དམ”ཞེས་བཀའ་འདྲི་གནང་བར།

      དགེ་སློབ་ཚོས་མཉམ་དུ“ཡོད། ཉལ་ཐའི་དམག་འཁྲུག་དང་། ལྕགས་ཕག་ལོའི་གསར་བརྗེ། ནན་ཧུའུ་གྲུ་དམར་སོགས་ཁྲིད་མྱོང”ཞེས་འཚང་ཁ་ཤིག་ཤིག་ངང་ལན་བཏབ།

      སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུ་ལྕོག་ལྕོག་གནང་ནས་བསྟོད་བསྔགས་གནང་བཞིན“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་གཙོ་གནད་ཅིག་ཏུ་བརྩིས་ཏེ། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གཏམ་རྒྱུད་དང་། དུས་རབས་གསར་པའི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བའི་གཏམ་རྒྱུད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏམ་རྒྱུད་བཅས་ཡག་པོ་བརྗོད་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཆུང་བྱིས་པའི་དུས་ནས་ཕྲུ་གུ་ཚོའི་སེམས་ནང་འཇགས་པར་བྱེད་དགོས”ཞེས་གསུངས་པ་རེད།

      ཚེས་19ཉིན་གྱི་ཕྱི་དྲོ་ཉིང་ཞར་ཕེབས་འབྱོར་ཟིན་ཞིང་། ཉིན་དེར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མིང་ཉིང་གྲོང་རྡལ་གྱི་ཉེ་དུས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད།

      ཧྥུའུ་ཅན་དུ་ཕྱག་ལས་གནང་རིང་བློ་མཐུན་ཞི་ཅིན་ཕིང་གིས་སྣེ་ཁྲིད་དེ་ཧྥུའུ་ཅན་དང་ཉིང་ཞའི་མཉམ་ལས་ཁ་གཏད་རོགས་སྐྱོར་གྱི་འགན་བཞེས་མྱོང་ཡོད། “བྱེ་ཐང་སྐམ་པོ”ནས“གསེར་གྱི་བྱེ་ཐང”བར་དང“གནས་སྤོས་ཡུལ་མི་འདེགས་སྒྲིག་བྱ་སྤྱོད”ཀྱི་མིན་ཉིང་གྲོང་ཚོ་བསྐྲུན་པ་ནས་མིན་ཉིང་གྲོང་རྡལ་དུ་འཕེལ་རྒྱས་བྱུང་བའི་བར་ལོ་ངོ་20ལྷག་ཙམ་འདས་ཟིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅིས་དེ་གའི་ཡུལ་མི་ཚོ་ད་བར་ཐུགས་ལ་བཞག་གནང་ཡོད།

      “དབུལ་སྐྱོར་ཐད་ལ་ང་རང་སེམས་ཐག་ཆེན་པོ་དེ་འདྲ་ཆོད་དོན་ནི་རང་ཉིད་ཀྱི་ཉམས་མྱོང་ཕུད་ཞི་ཧའེ་ཀུའུ་མཐོང་བས་ཡིན”

      “གོ་ཐོས་ལ་ད་ལྟ་འཛུགས་སྐྲུན་ཡག་པོ་བྱས་ཡོད་པ་མ་ཟད། ཁྱད་ལྡན་ཐོན་ལས་ཀྱང་འདུག་ཟེར་གྱི་འདུག དེ་སྔོན་དཀའ་ཚེགས་ཤིན་ཏུ་ཆེན་པོ་ཡོད་པའི་ས་ཆ་དེ་ད་ཆ་ཞིམ་མངར་རྒུན་ཆང་ཐོན་ས་ཞིག་ཏུ་གྱུར་པ་ནི་མི་རྣམས་སེམས་འགུལ་ཐེབས་འོས་པ་དང་དགའ་བ་སྐྱེ་འོས་པ་ཞིག་རེད་འདུག”

      གནའ་དགོན།

      “རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་དགོས”

      མཚོ་སྔོན་ནི་བོད་དང་། ཤིན་ཅང་། ཀན་སུའུ། སི་ཁྲོན་བཅས་དང་ཕན་ཚུན་སྦྲེལ་ཡོད་པས་གནའ་སྔ་མོ་ནས་སྣ་མང་རིག་གནས་མཉམ་འདྲེས་དང་མི་རིགས་དབར་འབྲེལ་འདྲིས་སྤེལ་རེས་བྱེད་པའི་འགྲུལ་ལམ་གནད་ཆེ་ས་ཞིག་རེད།

      ཟི་ལིང་འདི་ཉིད་མཛེས་སྡུག་ལྡན་པའི་ཏ་པན་རི་བོ་དང་སྒོ་མེ་ལའི་བར་དུ་ཆགས་ཤིང་། ཐང་བོད་གནའ་ལམ་གྱི་འདས་སོང་རྒྱུས་མྱོང་བ་དང་ལོ་རྒྱུས་ཀྱི་འཕོ་འགྱུར་བྱུང་ཚུལ་བདེན་དཔང་ཐུབ་པའི་ཙོང་ཁ་དགོན་འདི་ཉིད་གནའ་གྲོང་ཟི་ལིང་གི་གྲོང་དབུས་སུ་གནས་ཡོད།

      དགོན་པའི་ར་སྐོར་གྱི་མདུན་དུ་ཙོང་ཁ་དགོན་དམངས་གཙོ་བདག་གཉེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་སྒར་བ་ངག་དབང་བཟང་པོས་སྤྱི་ཁྱབ་ཧྲུའུ་ཅིར་མཇལ་དར་ཕུལ་བ་དང་། དགེ་འདུན་པས་ལག་ཏུ་དྲི་བཟང་འཐུལ་བའི་བསང་ཕོར་འཁྱེར་བ་དང་གདུགས་ཕུབ་སྟེ་སྤྱི་ཁྱབ་ཧྲུའུ་ཅིར་བསུ་བ་ཞུས་པ་རེད།

      ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་ཙོང་ཁ་དགོན་གྱིས་ཀྲུང་དབྱང་སྲིད་གཞུང་སྐབས་རིམ་བྱུང་དང་བོད་བརྒྱུད་ནང་བསྟན་དབར་གྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བའི་ཐད་འབྲེལ་ཟམ་ལྟ་བུའི་ནུས་པ་ཧ་ཅང་གལ་ཆེན་བཏོན་ཡོད་ལ། ང་ཚོའི་ཏང་གི་གསར་བརྗེ་པ་རྒན་རབས་ཚོས་མི་རིགས་ལས་དོན་དང་ཆོས་ལུགས་ལས་དོན་ལ་ཐུགས་ཁུར་དང་སྐུལ་འདེད་བཏང་བའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱང་བདེན་དཔང་བྱས་ཡོད།

      སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཙོང་ཁ་དགོན་དུ་རྒྱུན་འཛུགས་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞིའི་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་རེད།

      “གསར་བརྗེ་པ་རྒན་རབས་རྣམས་ལ་སློབ་སྦྱོང་བྱས་ནས་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་དང་། མི་རིགས་ཀྱི་ལས་དོན། ཆོས་ལུགས་ཀྱི་ལས་དོན་བཅས་དེ་བས་ལེགས་པར་སྒྲུབ་དགོས”

      རྒྱལ་ཁབ་ཀྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། ལོ་རྒྱུས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་ཀྱི་ཐད་ལ་གནའ་བོའི་དགོན་པ་ནས་ལོ་རྒྱུས་ཀྱི་འཕེལ་འགྱུར་དང་འཕོ་འགྱུར་གྱི་ཆོས་ཉིད་མངོན་གྱི་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྩ་ཆེའི་ལོ་རྒྱུས་དང་རིག་གནས་ཤུལ་བཞག་འདིར་སྲུང་སྐྱོང་ཡག་པོ་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་གསར་པ་འབུལ་དགོས”ཞེས་ནན་བཤད་གནང་བ་རེད།

      ཚོགས་ཆེན་འདུ་ཁང་ནས་ཕྱིར་ཕེབས་སྐབས་དགེ་འདུན་པ་ཚོས་སྤྱི་ཁྱབ་ཧྲུའུ་ཅིར་མཇལ་དར་ཕུལ་ནས་ཕེབས་བསུ་ཞུས་པ་རེད།

      སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར། རྒྱ་ཆེའི་དད་ལྡན་མང་ཚོགས་ཚུད་པའི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་དགོས། སླད་ཕྱིན་མཚོ་སྔོན་གྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ་ཆོས་ལུགས་ཞི་དུལ་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ལ་སྐུལ་འདེད་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་ཡོད”ཅེས་བསྟན་གནང་བ་རེད།

      མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་ཞུའི་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མགོ་ལོག་མཐིལ་དུ་ཆགས་པའི་དར་ལག་རྫོང་ཁྲ་གླིང་དགོན་གྱི་སྐོར་གླེང་གནང་བ་རེད།

      ཁྲ་གླིང་དགོན་གྱིས་སྐར་ལྔའི་དར་དམར་བསྒྲེངས་པ་ནས་བཟུང་མགོ་ལོག་རྩྭ་ཐང་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་བདེན་དཔང་བྱས་པ་མ་ཟད། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ཀྱིས་ཏང་ལ་བརྩི་བཀུར་ཞུ་བའི་བརྩེ་སེམས་ཀྱང་མངོན་པར་བྱས་ཡོད། ལོ་70ལྷག་ཙམ་རིང་ཁྲ་གླིང་དགོན་གྱིས་ཐོག་མཐའ་བར་གསུམ་དུ་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་བཏང་ནས་རྒྱལ་གཅེས་ཆོས་གཅེས་དེ་དགོན་པ་གཞི་ཚུགས་པའི་རྩ་བར་བརྩིས་ཡོད།

      “དེར་མི་རིགས་ལས་དོན་དང་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པར་བློ་སྒོ་འབྱེད་པའི་དོན་སྙིང་ལྡན་ཡོད”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་མཛད་ཕྱོགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཆོས་ལུགས་ལས་རིགས་ཀྱི་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་དགོས”ཞེས་ནན་བཤད་གནང་བ་རེད།

      ཁྱིམ་གཞིས།

      “སྤྱི་ཚོགས་བཅོས་སྐྱོང་གི་གཙོ་གནད་གཞི་རིམ་དུ་འཇོག་དགོས”

      སྡེ་ཁུལ་ནི་གྲོང་ཁྱེར་བཅོས་སྐྱོང་གི་ཚན་པ་ཆུང་ཤོས་ཡིན་ཞིང་། ཡལ་ག་མང་རུང་རྩ་བ་གཅིག་ལས་མེད་པས་སྡེ་ཁུལ་བཅོས་སྐྱོང་ནི་ཤིན་ཏུ་གལ་འགངས་ཆེ།

      ཚེས་19ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མི་རིགས་མང་པོ་འདུས་སྡོད་བྱེད་པའི་དབྱིན་ཁྲོན་གྲོང་ཁྱེར་ཅིན་ཧྥུང་ཆུས་ཁྲང་ཁྲེང་མེ་ཏོག་ལྡུམ་རའི་སྡེ་ཁུལ་དུ་ཕེབས་པ་རེད།

      སྡེ་ཁུལ་གྱི་ཏང་དམངས་ཞབས་ཞུ་ལྟེ་གནས་སུ། སྤྱི་ཁྱབ་ཧྲུའུ་ཅིས་ཐོག་སོ་དང་པོར་ཡོད་པའི་དམངས་ཕན་ཞབས་ཞུའི་ཚོམས་ཆེན་དང་། སྡེ་ཁུལ་གྱི་འཕྲོད་བསྟེན་ས་ཚིགས། གཅེས་སེམས་སྒོ་རྩིས་ཚོང་ཁང་དང་། ཐོག་སོ་གཉིས་པར་ཡོད་པའི“འཇོན་ཐང་ངོམ་སྟོན་ཁང”དང་ཞབས་བྲོ་ཁང་བཅས་ལ་རེ་རེ་བཞིན་གཟིགས་པ་རེད།

      དམངས་ཕན་ཞབས་ཞུའི་ཚོམས་ཆེན་དུ་སྡེ་ཁུལ་གྱི་ལས་དོན་པ་རྣམས་ལས་ལ་བྲེལ་བཞིན་ཡོད་ཅིང་། ལ་ལས་སྤྱི་ཚོགས་འགན་བཅོལ་གྱི་འགྲོ་ལུགས་གཉེར་བ་དང་། ལ་ལས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་ཀར་གྲོས་བསྡུར་བྱེད་པ། ལ་ལས་དམག་མི་རྒན་གྲས་ཀྱི་ཐད་སྦྲེལ་ཁ་པར་ལེན་པ། ལ་ལ་དུད་ཚང་དུ་འཚམས་འདྲིར་བསྐྱོད་ནས་ལོག་སླེབས་མ་ཐག་ཡིན་པ་རེད།

      སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཁོང་ཚོར་ཕ་ཡུལ་གང་ནས་ཡིན་པ་དང་། ཆེད་ལས་གང་ཡིན་པ། སྡེ་ཁུལ་དུ་ལས་ཀ་བྱས་ནས་དུས་ཚོད་ཇི་ཙམ་སོང་བ། ཡོང་འབབ་གང་འདྲ་ཡོད་མེད། ལས་མི་སྤྱོད་པའི་རིགས་གང་གི་ཁོངས་སུ་གཏོགས་མིན། སླད་ཕྱིན་འཆར་གཞི་གང་ཡོད་མེད་བཅས་བཀའ་འདྲི་ཞིབ་ཚགས་གནང་བ་རེད།

      “སྔོན་མ་དང་བསྡུར་ན་ད་ལྟའི་སྡེ་ཁུལ་གྱི་ལས་ཀ་གང་འདྲ་འདུག”

      “ཀྲུང་དབྱང་ནས་ཁུར་པོ་ཡང་གཏོང་གི་ཡིག་ཆ་བཀྲམ་རྗེས་སྡེ་ཁུལ་གྱི་རེའུ་མིག་རྒྱོང་བའི་ལས་ཀ་ཉུང་དུ་སོང་ནས་ལས་ཕྱོད་སྔར་བས་ཆེ་རུ་ཕྱིན་སོང”

      “སྤྱི་ཚོགས་བཅོས་སྐྱོང་གི་ལྟེ་བ་གཞི་རིམ་དུ་འཇོག་དགོས། གྲོང་ཁྱེར་དུ་སྡེ་ཁུལ་གྱིས་མི་སེར་ལ་ཐད་ཀར་ཞབས་འདེགས་ཞུ་ཡི་ཡོད” “སྡེ་ཁུལ་ནི་ཁྱིམ་ཚང་ཆེན་པོ་ཞིག་དང་འདྲ། སྡེ་ཁུལ་གྱི་དཔུང་ཁག་བརྟན་པོ་ཡོད་པ་དང་ལས་ཀའི་སྤྲོ་སེམས་ཧ་ཅང་ཆེན་པོ་ཡོད་པ་མཐོང་སྐབས་ང་རང་བློ་བདེ་པོ་བྱུང་། སྡེ་ཁུལ་གྱི་ཏང་རྩ་འཛུཌ་ནི་ཏང་གིས་གཞི་རིམ་མང་ཚོགས་དང་འབྲེལ་བ་བྱེད་པའི་འགག་རྩའི་ལྷུ་ཚིགས་ཤིག་རེད། སྡེ་ཁུལ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་ཡག་པོ་དང་སྟོབས་ལྡན་བྱུང་ན་སྡེ་ཁུལ་གྱི་ལས་དོན་ལ་གཞི་ནས་བརྟེན་ས་ཡོད”ཅེས་སྤྱི་ཁྱབ་ཧྲུའུ་ཅིས་བྱམས་བརྩེའི་ངང་གསུངས་པ་རེད།

      མཚོ་སྔོན་ཞིང་ཆེན་ཏང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་ཞུའི་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མཚོ་སྔོན་དུ་རྫོང་དང་གྲོང་ཁྱེར་དང་ཆུས་45ཡོད་པའི་ནང་དབུལ་སྒྲོལ་རྫོང་42ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་ལས་འགན་དེ་ཐོག་མཐའ་བར་གསུམ་དུ་ལག་ཏུ་དམ་པོར་འཛིན་དགོས་པ་ལས་གཞི་ཁྱོན་ལྡན་པའི་དབུལ་ལོག་གི་སྣང་ཚུལ་ཐོན་མི་རུང་། གྲོང་གསེབ་དར་རྒྱས་ཀྱི་ལས་འགན་སྒྲུབ་རིང་ཁྱོན་ཡོངས་ལ་སྐུལ་འདེད་གཏོང་དགོས”ཞེས་ནན་བཤད་གནང་བ་རེད།

      “དམངས་བདེ་ནི་བདེན་དོན་དུ་བརྩི་ཆོག” མི་རིགས་ལས་དོན་སྒྲུབ་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྩེ་བ་དམངས་ལ་འཆང་དགོས་པ་དམིགས་སུ་བཀར་ནས་ནན་བཤད་གནང་བ་སྟེ། “དམངས་འདོད་དང་མཐུན་པ་དང་། དམངས་འཚོར་ཕན་པ། དམངས་སེམས་དྲོད་པ་བཅས་ཀྱི་བྱ་བ་དངོས་མང་ཙམ་བསྒྲུབས་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་སེམས་ཁྲལ་ཆེན་པོ་བྱེད་པའི་གནད་དོན་མང་ཙམ་ཐག་གཅོད་བྱེད་དགོས”ཞེས་གསུངས་པ་རེད།

      ན་ནིང་ཟླ་12པར་ཅི་ཧྲི་ཧྲན་དུ་ས་ཡོམ་བརྒྱབ་རྗེས། སྤྱི་ཁྱབ་ཧྲུའུ་ཅིས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གང་འདྲ་བྱུང་ཡོད་མེད་སྔ་ཕྱི་བར་གསུམ་དུ་ཐུགས་ལ་བཞག་གནང་ཡོད་པ་དང་། ད་ཐེངས་ཁོང་ཕེབས་ནས་ཅི་ཧྲི་ཧྲན་ས་ཡོམ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ཏེ་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་གྱི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པའི་མངགས་བྱ་གནང་བ་རེད།

      འཕེལ་རྒྱས།

      “ངེས་པར་དུ་གནད་ཆེར་དམ་འཛིན་དང་གནད་མེད་ཟུར་འཇོག་མཐའ་འཁྱོངས་བྱེད་དགོས”

      ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་རྗེས་ས་གནས་ཁག་ལ་བརྟག་ཞིབ་གནང་བར་ཕེབས་རིམ་བཞིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ས་གནས་ཀྱི་ལེའུ་ཇི་ལྟར་རྩོམ་རྒྱུའི་ཐད་འཆར་འགོད་དང་བཀོད་སྒྲིག་གནང་གི་ཡོད། འཐབ་ཇུས་ཀྱི་ངེས་གནས་ཁོང་དུ་ཆུད་པ་དང་ས་གནས་དེ་གའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་ལེགས་ཆ་འདོན་སྤེལ་བྱེད་དགོས་ལ་ནུས་ཤུགས་གཅིག་སྒྲིལ་ཡང་བྱེད་དགོས།

      ད་ཐེངས་སྙན་ཞུའི་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅིས་མཚོ་སྔོན་ལ་བླང་བྱ་བཞི་བཏོན་གནང་བ་དེ་ཐོན་ལས་དང་། སྐྱེ་ཁམས། དམངས་འཚོ། མི་རིགས་བཅས་དང་འབྲེལ་བ་ཡོད་པས། ཕན་ཚུན་གཅིག་ལ་གཅིག་འབྲེལ་དང་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་དགོས་ཀྱི་ཡོད།

      སྤུས་ཚད་ལེགས་པའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་སྤྱི་འདོམས་བྱ་རྒྱུ་ནི་ཀྲུང་གོ་འཕེལ་རྒྱས་བྱུང་བ་ནས་ད་བར་འཕྲད་པའི་ཞིབ་འཇུག་བྱ་གཞི་ཆེན་པོ་ཞིག་རེད། མཚོ་སྔོན་གྱི་ངོས་ནས་བརྗོད་ན་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་གནས་དེ་ནས་ཤར་ཕྱོགས་སུ་དྲག་ཏུ་བཞུད་དེ་ཀྲུང་ཧྭ་མི་རིགས་འཚོ་སྐྱོང་བྱེད་ཀྱི་ཡོད། གཙང་གསུམ་ཆུ་འགོའི་སྐྱེ་ཁམས་ནི་མི་རིགས་ཀྱི་བདེ་སྡུག་དང་འབྲེལ་བ་ཡོད།

      ས་གནས་དེ་གས“མཚོ་བོད་ས་མཐོ་དེ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཞིག་ཏུ་སྐྲུན་པར”གཞོལ་བཞིན་ཡོད་པ་གསན་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དེ་ནི་ཁྱེད་ཚོའི་ལེགས་སྐྱེས་ཆེ་ཤོས་རེད། དེ་བས་ཀྱང་གལ་ཆེའི་ནང་གི་འགངས་ཆེ་ནི‘ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག’ཡིན་པའི་གཙང་གསུམ་ཆུ་འགོར་སྲུང་སྐྱོང་ཡག་པོ་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱས་ནས་ཆུ་རྩ་གསོ་ནུས་ཆེ་རུ་གཏོང་རྒྱུ་དེ་རེད”ཅེས་གསུངས་པ་རེད།

      སྙན་ཞུའི་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅིས་མཚོ་སྔོན་གྱི་ཐོན་ལས་ཀྱི“ས་ཆ་བཞི”འཛུགས་སྐྲུན་གྱི་ཁ་ཕྱོགས་སྔར་བས་ཁ་གསལ་བཏོན་གནང་བ་སྟེ། “འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་ཀྱི་རྟེན་གཞི་མགྱོགས་མྱུར་སྐྲུན་དགོས་པ་དང་། རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་གཏོད་དགོས་པ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་ས་གཏོད་དགོས་པ། ལྗང་མདོག་སྐྱེ་ལྡན་གྱི་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གཏོད་དགོས་པ”བཅས་རེད།

      སྤྱི་ཁྱབ་ཧྲུའུ་ཅིས“རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམིགས་ཏེ་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆར་བསམ་གཞིག་གང་ལེགས་བྱེད་དགོས”དང“ལས་དོན་གང་རུང་ཚང་མ་སྒྲུབ་ཐུབ་པ་ཞིག་མིན་པར། གདམ་ག་ཡོད་པའི་སྒོ་ནས་བྱས་རྗེས་འཇོག་དགོས། ངེས་པར་དུ་གནད་ཆེར་དམ་འཛིན་དང་གནད་མེད་ཟུར་འཇོག་མཐའ་འཁྱོངས་བྱེད་དགོས”ཞེས་ནན་བཤད་གནང་བ་རེད།

      མཐུན་སྒྲིལ་མི་ལ་བརྟེན་དགོས་ལ་འཕེལ་རྒྱས་ཀྱང་མི་ལ་བརྟེན་དགོས། ས་ཆ་གང་ལ་ཕེབས་རིམ་བཞིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཡོན་ལས་བྱེད་པའི་ལས་ཀའི་གནས་ཚུལ་ལ་དོ་སྣང་ཆེན་པོ་གནང་གི་ཡོད་ལ་དམིགས་ཡུལ་ཡོད་པའི་སྒོ་ནས་སྐུལ་མ་དང་དྲན་སྐུལ་ཡང་གནང་གི་ཡོད།

      (སྤེན་ཚེ་དང་། ལྷག་ཚེ། སྐལ་མཆོག དབང་སྒྲོན་སྐྱིད་བཅས་ཀྱིས་སྒྱུར་ཞུས་བྱས)