༄༅།།གྲོང་གསེབ་དར་རྒྱས་ཀྱི་རི་མོའི་ཚོན་མདངས་རྣམ་པར་བཀྲ་བ།

人民网

      —— བོད་ལྗོངས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱིས་འབྲོག་ཁུལ་དང་འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བའི་སྐོར་བཀོད་པ།

      གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་12ཉིན། 13:57】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

      ཐོན་ལས་དར་རྒྱས་གཏོང་བ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་ལྷུ་ཚིགས་གལ་ཆེན་ཞིག་རེད། བོད་ལྗོངས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱིས་ས་གནས་དེ་གའི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས“ཡུལ་ཕྱོགས་གཅིག་གི་ས་ཆུས་ཡུལ་ཕྱོགས་དེའི་ཐོན་ལས་འཛུགས་པ་དང་། ཡུལ་ཕྱོགས་གཅིག་གི་ཐོན་ལས་ཀྱིས་ཡུལ་ཕྱོགས་དེའི་མི་སེར་ཕྱུག་པོར་འགྱུར་བའི”རྩ་དོན་མཐའ་འཁྱོངས་བྱས་ཏེ་ཐོན་ལས་འཕེལ་རྒྱས་ཀྱི“ཁྱད་ཆོས་མི་མངོན་པ”དང“ལེཌ་ཆ་མི་ཐོན་པའི”འཕེལ་རྒྱས་ཀྱི་དཀའ་གནད་སེལ་བར་ཤུགས་བརྒྱབ་ཡོད།

      དགའ་བདེ་སྐྱེ་ཁམས་ཕྱུགས་ལས་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི(གཤམ་དུ“དགའ་བདེ་ཀུང་སི”ཞེས་བསྡུ་རྒྱུ)ནི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱིས“མུའུ་ཁྲི་དང་ཕྱུགས་སྟོང”གི་འཛུགས་སྐྲུན་རྣམ་གྲངས་དམ་འཛིན་བྱ་གཞིར་བྱེད་པ་དང་། “སྒོ་ཕྱུགས་བཅོལ་གསོ་དང་རྩིས་སྤྲོད”ལ་བརྟེན་པ། དཀར་ཆུའི་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱ་རྒྱུ་འགག་གནད་སྒྲོལ་སར་བྱེད་པ་བཅས་ཀྱི་ཐོག་ནས་བཏོད་པའི་ས་མཐོའི་སྦགས་བཙོག་མེད་པའི་ཕྱུགས་ལས་ཀྱི་ཁྱད་ལྡན་ཐོན་ལས་ལ་གཞི་ཚུགས་པའི་དཀར་ཆུའི་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་མཁན་ཁེ་ལས་ཤིག་རེད། 2020ལོར་རྒྱལ་ཁབ་ཀྱི་གྲོང་གསེབ་གསར་གཏོད་ལས་གཏོད་གླིང་ཁུལ་གྱི་མིང་ཐོ་དང་དེ་བཞིན་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་ཁུལ་འཛུགས་གཏོད་ཁྱབ་ཁོངས་ཚན་པའི་ནང་ཚུད་པ་དང་། 2021ལོར“རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་མཉམ་སྡེབ”ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་མ་ཟད། བོད་རང་སྐྱོང་ལྗོངས་རིམ་པའི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་ལ་རེ་ཞུ་བདེ་བླག་བྱུང་བ། 2022ལོར་བོད་ལྗོངས་ནག་ཆུའི་དཀར་ཆུའི་ཐོན་རྫས་ཐོན་སྐྱེད་ཆོག་འཐུས་ལག་ཁྱེར་ཐོག་མ་བདེ་བླག་ངང་རག་པ། 2023ལོར་འབྲེལ་ཡོད་ཐོན་རྫས་བོད་ལྗོངས་ལྷ་སའི་སྒོ་རྩིས་ཚོང་ཁང་ཆེ་གྲས་ཁག་ཏུ་ཕྱིར་ཚོང་བྱེད་འགོ་ཚུགས།

      ནོར་བུ་ཚེ་རིང་གིས་ངོ་སྤྲོད་བྱས་པ་བརྒྱུད་གསར་འགོད་པས་དགའ་བདེ་ཀུང་སིའི་འཕེལ་རྒྱས་ཀྱི་ཐབས་མཆོག་ཤེས་རྟོགས་བྱུང་བ་སྟེ།

      —— ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་དར་རྒྱས་ཀྱི“རྨང་གཞི”བཏིང་བ། འབྲོག་ལས་འཕེལ་རྒྱས་ཀྱི་ཐོན་ཁུངས་ལེགས་ཆའི་ཐད་སྤུས་ཀ་ལེགས་པ་དང་ཁྱད་ཆོས་ལྡན་མོད། འོན་ཀྱང་ཐོན་སྐྱེད་ཐད་ཐོན་འབབ་དམའ་ཞིང་དུས་ཡུན་རིང་བ་དང་། གཉེར་སྐྱོང་ཐད་མང་ཞིང་ཞན་པ་དང་ཆུང་ཞིང་ཁ་ཐོར་ཡིན་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། གསེར་རྙེད་ཆུས་ཀྱིས་ཐོན་ཁུངས་ཀྱི་ལེགས་ཆ་ཐོན་ལས་ཀྱི་ལེགས་ཆ་དང་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་རྒྱུ་མཐའ་འཁྱོངས་བྱས་ཁར། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་བསྡུ་ལེན་བྱས་པའི་རྨང་གཞིའི་ཐོག་ས་མཐོའི་ཁྱད་ལྡན་ལེགས་ལྡན་ཐོན་ལས་འབྲོག་ལས་ལ་གཞི་ཚུགས་ནས་ལྷོ་མ་གྲོང་རྡལ་གེ་དམར་གྲོང་ཚོར་དགའ་བདེ་དབུལ་སྐྱོར་ཕྱུགས་ལས་ཐོན་ལས་དཔེ་སྟོན་རྟེན་གཞི་བསྐྲུན་པ་དང་། དཀར་ཆུའི་ཐོན་རྫས་ལས་སྣོན་གཏིང་ཟབ་བྱ་རྒྱུ་ལས་དོན་གཙོ་བོར་བྱས་ཏེ་གཙོ་བོ་ཞོ་དང་། འོ་མ། མར། ལ་ལ་སོགས་ཁྱད་ཆོས་ལྡན་པའི་དཀར་ཆུའི་ཐོན་རྫས་བཟོས་ནས་ནག་ཆུ་དང་ལྷ་སར་འཚོང་གི་ཡོད།

      —— ཁྲོམ་རའི་འདུ་ཤེས་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི“གཤོག་ཟུང”བསྒར་བ། དགའ་བདེ་ཀུང་སིས་ཁྲོམ་རའི་འགྱུར་ལྡོག་དང་འཚམ་པར་བྱས་ཏེ་གསོ་བ་དང་འཚོང་བ་དང་། དཀར་ཆུ་དང་ཤ་ཕན་ཚུན་གདམ་ག་བྱེད་པའི་ཁྲོད་འདུ་ཤེས་རྙིང་གཏོར་གསར་གཏོད་བྱས་ཏེ་འབྲིའི་འོ་མ་ཁྲོམ་རའི་དཔལ་འབྱོར་ནང་ཞུགས་པར་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། བོད་ལྗོངས་ནག་ཆུའི་འབྲིའི་འོ་མའི་དམིགས་བསལ་གྱི་སྤུས་ཚད་བེད་སྤྱོད་གང་ལེགས་ཀྱིས་ལྗང་མདོག་འཕེལ་རྒྱས་དང་སྤུས་ཚད་འགན་ལེན་ལ་སྔར་བས་མཐོང་ཆེན་བྱས་ཏེ། རང་བརྟེན་སྤུས་རྟགས་བཏོད་ནས་ས་མཐོའི་ཁྱད་ཆོས་ལྡན་པའི་འབྲིའི་འོ་མའི་སྤུས་རྟགས་སྐྱེད་སྲིང་བྱས་པ་རེད། མིག་སྔར། ཚོང་རྟགས་རིགས་44དང་དྲ་རྒྱའི་ཁོངས་མིང་རིགས་22ཐོ་འགོད་བྱས་ཟིན་པ་དང་། འབྲི་གཡག་དང་། འབྲིའི་འོ་མ། དེ་བཞིན་གཟན་རྩྭ་བཅས་སྐྱེ་ལྡན་ཡིན་པའི་ཁས་ལེན་ཁག་2ལེགས་གྲུབ་ཟིན་པ་མ་ཟད། གསེར་རྙེད་ཆུས་ཞིང་འབྲོག་ལས་ཚན་རིག་ལག་རྩལ་ཞབས་ཞུ་ས་ཚིགས“ཐོ་འགོད་པར”བྱས་ནས“ནག་ཆུའི་འབྲི་གཡག”གི་གནས་རྟགས་བདེ་བླག་ངང་ཐོ་འགོད་བྱས་པ་རེད།

      —— ཁེ་ཕན་དང་ཟུང་འབྲེལ་ཡང་དག་བྱས་ནས་འཕེལ་རྒྱས་ཀྱི“ནུས་པ”སྤྲད་པ། མིག་སྔར། དགའ་བདེ་ཀུང་སིར་གསོ་སྤེལ་པུའུ་དང་། ཐོན་སྐྱེད་པུའུ། ཕྱོགས་བསྡུས་པུའུ། ལྷ་སའི་ཕྱིར་ཚོང་པུའུ། ནག་ཆུའི་ཕྱིར་ཚོང་པུའུ་སོགས་བཙུགས་པར་ལས་མི་ཁྱོན་བསྡོམས་135ཡོད་པ་དང་། ལྷ་སར་ཕྱིར་ཚོང་ཁང་8དང་ནག་ཆུར་ཕྱིར་ཚོང་ཁང་2བཙུགས་པ། གཞན་ཡང་ནག་ཆུར་འོ་མ་བསྡུ་སའི་ས་ཚིགས་15བཙུགས་པར་དུད་ཚང་3200ཡི་འབྲོག་པར་ཁྲི་1.6ལྷག་ཙམ་གྱིས་འོ་མ་མཁོ་འདོན་བྱེད་ཀྱི་ཡོད། གཉེར་སྐྱོང་བྱེད་པའི་བརྒྱུད་རིམ་ནང་དགའ་བདེ་ཀུང་སིས་ཐོག་མཐའ་བར་གསུམ་དུ“དམིགས་ཚད”དང“རྩིས་རྒྱག”གཉིས་ཀར་དམ་འཛིན་མཐའ་འཁྱོངས་དང་ཁྲོམ་ར་ཅན་གྱི་འཁོར་རྒྱུག་ལམ་སྲོལ་དང་འཕེལ་རྒྱས་གཏོང་སྟངས་མཐའ་འཁྱོངས་བྱས་ཏེ། ཐོན་སྐྱེད་རྒྱུ་ཆ་བོགས་མར་ལེན་པ་དང་། ལས་ཞུགས་ལས་གནས་གཏོད་པ། འོ་མ་སོས་པ་ཉོ་བ་སོགས་ཀྱི་ཐབས་ལམ་སྤྱད་པས་རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་མང་དུ་ཤུགས་ཆེན་ཕྱིན་ཡོད།

      (སྐལ་མཆོག་གིས་བསྒྱུར། ལྷ་དབང་གིས་ཞུས)