༄༅།།རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5374ཡི་ས་ཆ་བརྟན་པོར་སྲུང་བ།

人民网

      ——“གམ་པ་ལ་དཔའ་བོའི་ལེ་ཏ་ས་ཚིགས”ཞེས་པའི་མཚན་སྙན་བསྩལ་ནས་ལོ་30འཁོར་བའི་སྐོར་བཀོད་པ།

      གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་09ཉིན། 13:33】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

      འདི་ནི་དཔོན་དམག་གིས་རྒྱལ་དར་སྒྲེང་བཞིན་པ།

      བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཕེང་ཆི། ཕན་ཐོགས།

      ལྷིང་འཇགས་ཤིང་སྔོ་ཐིང་ངེར་འཁྱིལ་བའི་ཡར་འབྲོག་གཡུ་མཚོ་ལྟ་བས་མི་ངོམ། ཉེ་བའི་ལོ་60ཡི་རིང་དེ་དང་མཉམ་དུ་འགྲོགས་པ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5374ཡི་སར་ཡོད་པའི“གམ་པ་ལ་དཔའ་བོའི་ལེ་ཏ་ས་ཚིགས”རེད།

      1965ལོའི་ཟླ་10པར་བཙུགས་པའི་ལེ་ཏ་ས་ཚིགས་དེ་ནི་འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་མི་ཐབས་ཚོད་འཛིན་གྱི་ལེ་ཏ་ས་ཚིགས་ཤིག་རེད། དེ་གར་རང་བྱུང་ཆ་རྐྱེན་ཞན་པ་དང་གནམ་གཤིས་ལ་འགྱུར་ལྡོག་ཆེན་པོ་ཡོད་མོད། འོན་ཀྱང་གམ་པ་ལ་སྲུང་མཁན་མི་རབས་མང་པོས་ཏང་གི་འགོ་ཁྲིད་འོག་རང་འགན་ནན་པོ་སྒྲུབ་པ་དང་ཞུམ་མེད་འབད་འཐབ་བྱས་པ་མ་ཟད། རང་ཉིད་ཀྱི་རྩ་བའང་གནས་འདིར་བཙུགས། 1994ལོར་ཀྲུང་དབྱང་དམག་ཨུད་ཀྱིས་ས་ཚིགས་དེར“གམ་པ་ལ་དཔའ་བོའི་ལེ་ཏ་ས་ཚིགས”ཞེས་པའི་གཟི་བརྗིད་མཚན་སྙན་བསྩལ།

      མཚན་སྙན་བསྩལ་ནས་ལོ་30ཡི་རིང་ལེ་ཏ་ས་ཚིགས་ལ་འཛུགས་སྐྲུན་ཤུགས་ཆེན་བྱས་པས། འཕེལ་རྒྱས་དང་མཆོང་སྐྱོད་ཆེན་པོ་བྱུང་བ་མ་ཟད། གོ་མཚོན་སྒྲིག་ཆས་དང་དམག་སྒར་གྱི་སྒྲིག་བཀོད་ཀྱང་ཇེ་ལེགས་སུ་ཕྱིན་ཞིང་། ས་ཚིགས་དེའི་དཔོན་དམག་ཡོངས་ཀྱིས་ཐུགས་ཁུར་ཆེན་པོ་དང་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ཏེ། དམག་དཔུང་སྟོབས་ཆེར་གཏོང་བར་བརྩོན་པ་ལྷོད་མེད་བྱས་པ་བརྒྱུད། དམག་ཁུལ་གྱི་མཁའ་དམག་གཞི་རིམ་འཛུགས་སྐྲུན་གྱི་ཚད་འཛིན་སར་གྱུར་ཡོད། 2016ལོར་ལེ་ཏ་ས་ཚིགས་ཀྱི་ཏང་ཀྲི་པུའུ་ཀྲུང་དབྱང་དམག་ཨུད་ཀྱིས“དམག་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས”ལ་བདམས་པ་དང་། ལན་ཤོག་དེ་ཉིད་2022ལོར་མཁའ་དམག་གིས་སྐབས་དང་པོའི“མཁའ་དབྱིངས་ཀྱི་གདོང་ལེན་པ”ལ་བདམས་པ་ལ་སོགས།

      དབྱར་གཞུང་ཞིག་གི་མཚན་མོར། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5000ལྷག་ཙམ་ཡོད་པའི་ས་མཐོར་བརྒྱུད་རིམ་ལྡན་པའི་འགྲན་རྒོལ་གྱི་ནང་སྦྱོང་དུང་བརྡ་བཏང་ཞིང་། ལེ་ཏ་འཕྲལ་སྒྲུབ་ཡན་ལག་རུ་ཁག་ཅིག་གིས་ཆས་རྫུན་མ་སྤྲས་ཏེ་རི་མཐོ་གཡང་གཟར་ནས་མི་མེད་ས་ཁུལ་དུ་སྐྱོད་འགོ་ཚུགས།

      “དགྲ་བོའི”གནམ་གྲུ་གང་དུ་འདུག་གམ། དམིགས་འབེན་ལ་ཁྱད་ཆོས་གང་འདུག་གམ། ས་ཐོག་ས་འཕེན་འཕུར་མདེལ་ཡན་ལག་རུ་ཁག་ལ་ཆ་འཕྲིན་གང་དགོས་ཀྱི་འདུག་གམ། རུ་སྣེ་ཁྲིད་མཁན་འགན་འཁུར་བ་ཀྲང་ཏུང་གིས་ད་ཐེངས་ཀྱི་བརྒྱུད་རིམ་ལྡན་པའི་མཉམ་འབྲེལ་སྦྱོང་བརྡར་གྱི་གལ་ཆེའི་རང་བཞིན་གསལ་པོ་ཤེས་ཤིང་། ཁོང་གིས“གནམ་མིག”དང“ལྕགས་ཀྱི་ཁུ་ཚུར”གཉིས་ཇི་ལྟར་བྱས་ནས་མཐུན་སྦྱོར་དམ་ཟབ་བྱེད་དགོས་ལུགས་སྐོར་ལ་བསམ་བློ་ཡུན་རིང་བཏང་། གྲ་སྒྲིག་གཡུལ་སར་འབྱོར་རྗེས་ཁོང་གིས་འཕྲལ་དུ་དཔོན་དམག་སྒྲིག་འཛུགས་བྱས་ནས་ཉེན་བརྡའི་དྲ་བ་བཙུགས་ཏེ“དགྲ་བོ”གནས་ཚད་ཀྱི་ཆ་འཕྲིན་ས་ཐོག་ས་འཕེན་འཕུར་མདེལ་དཔུང་སྡེར་གཏོང་རྒྱུའི་གྲ་སྒྲིག་བྱེད་འགོ་ཚུགས།

      སྐར་ཆ་ཁ་ཤས་ཀྱི་རྗེས་སུ་འཕུར་མདེལ་གཅིག་སྤྱི་ལེ་བཅུ་ཕྲག་ཁ་ཤས་ཀྱི་ས་ནས་འཕངས་ཤིང་། འགོག་སྲུང་འཛིང་རགས་རབ་དང་རིམ་པ་བརྒལ་ཏེ་གནད་ལ་འཁེལ་པོས་འབེན་ལ་ཕོག་ཁུལ་བྱས་པ་རེད། “འབེན་ལ་ཕོག་སོང་། འབེན་ལ་ཕོག་སོང”ཞེས་གྲགས་ཡོང་བ་དང་ཆབས་ཅིག་བཀོད་འདོམས་ཁང་དུ་དགའ་སྤྲོས་ཁེངས།

      གམ་པ་ལར་ལོ་ལྟར་གྲང་ངར་ཆེ་ཞིང་གསོ་རླུང་མི་འདང་ཡང“དམག་སྦྱོང་བྱས་ནས་རྒྱལ་ཁ་ལེན་པའི”སེམས་ཤུགས་ནི་ད་བར་དུ་བྲག་ལྟར་སྲ་ཞིང་བརྟན།

      ཝང་ཧྲེང་ཆོན་གྱིས་ལེ་ཏ་ས་ཚིགས་སུ་ལོ་28རིང་འབད་འཐབ་བྱས་པའི་རིང་ལ་ལེ་ཏའི་སྒྲིག་ཆས་རིགས་8བདག་སྐྱོང་ཉམས་བཟོ་བྱེད་མྱོང་བ་མ་ཟད། ད་དུང་ནང་སྦྱོང་གལ་ཆེན་རབ་དང་རིམ་པར་ཡང་ཞུགས་མྱོང་ཡོད། 2023ལོའི་ལོ་མཇུག་ཏུ་ཁོང་གཟི་བརྗིད་ལྡན་པའི་ངང་རྒན་ཡོལ་ཞུས་ཤིང་། རྒན་ཡོལ་མ་ཞུས་གོང་ཁོང་གིས་རིར་འཛེགས་ཏེ་གངས་རི་དང་ཡར་འབྲོག་གཡུ་མཚོ་གཉིས་ཀ་མཐོང་ས་ནས་བྲག་རྡོ་ཞིག་བཙལ་ཏེ་གཟབ་ཅིང་ནན་པོས“དམག”དང“རྒྱལ”ཞེས་པའི་ཡིག་འབྲུ་གཉིས་བྲིས། དེ་ནས་ཝང་ཧྲེང་ཆོན་གྱིས“ངས་ཡུལ་འདིར་ལོ་28ལྟ་སྲུང་བྱས་པ་ཡིན། ད་ཆ་ང་རང་ལོག་འགྲོ་གྲབས་ཡོད། སླད་ཕྱིན་བྲག་རྡོ་འདིས་ངའི་ཚབ་བྱས་ནས་མུ་མཐུད་ལྟ་སྲུང་བྱེད་ཀྱི་རེད”ཅེས་གངས་རི་དང་མཚོ་ཕྱོགས་སུ་སྐད་ཤུགས་ཆེན་པོས་བརྗོད།

      དེ་གར་ལོ་12བརྟན་སྲུང་བྱས་པའི་དམག་མི་རྒན་གྲས་ལུང་ཕུའུ་གོ་དམག་ཁོངས་ནས་ལོག་རྗེས་ཁོང་གི་བུ་ལུང་པིན་ཡང་གམ་པ་ལ་སྲུང་བར་སླེབས། ལུང་པིན་གྱིས་དམག་མི་རྒན་གྲས་ཕའི་རེ་བ་སྟོང་ཟད་དུ་བཏང་མེད་པར། རང་འགུལ་ངང་ཁ་ལོ་བའི་ལག་རྩལ་སློབ་སྦྱོང་བྱས་ཤིང་། ད་ཆ་ས་ཚིགས་ནང་གི་ཁ་ལོ་བ་དང་གློག་ལས་བཟོ་པ་གཅིག་ལྕོགས་ཡིན་པ་ལས་དེང་དུས་ཀྱི་འཇོན་ཐང་སྣ་འཛོམས་ཀྱི་དམག་མིའི་ཉམས་འགྱུར་གསར་པ་མངོན།

      (སྤེན་ཚེས་བསྒྱུར། སྤེན་ཚེ་དང་དབང་སྒྲོན་སྐྱིད་ཀྱིས་ཞུས)