༄༅།།མཚོ་སྔོན་དུ་ལོ་རེར་དབྱར་རྩྭ་དགུན་འབུ་དུང་ཕྱུར་14ཙམ་ཡོད། 

人民网

      གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་15ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

      ཚེས་13ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཕྱུགས་ལས་ཕྱུགས་རིགས་སྨན་བཅོས་ཚན་རིག་ཁང་གི་དབྱར་རྩྭ་དགུན་འབུ་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱི་དབྱར་རྩྭ་དགུ་འབུ་ཉར་ཚགས་བྱེད་ཚད་ཀྱི་དཔྱད་དཔོག་དཔེ་དབྱིབས་གསར་ཤོས་ལ་གཞིགས་ན། མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུ་ལོ་རེའི་ཉར་ཚགས་བྱེད་ཚད་དུང་ཕྱུར་3.84ནས་དུང་ཕྱུར་30.11བར་ཡིན་པ་དང་། ཆ་སྙོམས་དུང་ཕྱུར་13.97ཡིན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་དབྱར་རྩྭ་དགུན་འབུ་སོས་པའི་རིན་གོང་སྒོར་15(མི་དམངས་ཤོག་སྒོར། གཤམ་དུ་གཅིག་པ་ཡིན་)ནས་35བར་བརྩིས་ན། མཚོ་སྔོན་ཞིང་ཆེན་གྱི་དབྱར་རྩྭ་དགུན་འབུས་ལོ་རེར་ཆ་སྙོམས་སུ་མི་མངོན་པའི་དཔལ་འབྱོར་རིན་ཐང་སྒོར་དུང་ཕྱུར་57.57ནས་1054.02བར་ཡིན་ཞིང་། ཆ་སྙོམས་སྒོར་དུང་ཕྱུར་349.19བར་ཟིན་ཡོད་པ་རེད།
      ཀྲུང་གོའི་དབྱར་རྩྭ་དགུན་འབུའི་ཐོན་ཚད་ཀྱིས་འཛམ་གླིང་ཐོན་ཚད་ཀྱི་98%བཟུང་བ་དང་། མཚོ་སྔོན་གྱི་ཐོན་ཚད་ཀྱིས་ཀྲུང་གོའི་60%ཡན་བཟུང་ཡོད།
      མཚོ་སྔོན་ཞིང་ཆེན་དབྱར་རྩྭ་དགུན་འབུ་མཐུན་ཚོགས་ཀྱི་གྲངས་གཞི་ལས་མངོན་པར། ད་ཆ་མཚོ་སྔོན་ཞིང་ཆེན་གྱི་དབྱར་རྩྭ་དགུན་འབུ་ལོ་རེར་སྔོག་འདོན་བྱེད་ཚད་དུང་ཕྱུར་5ཙམ་ཟིན་པ་དང་། ལོ་རེར་ཉོ་ཚོང་བྱེད་ཚད་སྒོར་དུང་ཕྱུར་200ཙམ་ཟིན་གྱི་ཡོད་པ་རེད།
      དབྱར་རྩྭ་དགུན་འབུ་ནི་སྨན་རྒྱུ་རྩ་ཆེན་ཞིག་དང་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱེད་རིམ་གཉིས་པའི་རི་སྐྱེས་རྩི་ཤིང་ཡིན་པའི་ངོས་ནས། དམངས་ལ་ཁེ་བཟང་ཐོབ་བྱེད་གལ་ཆེན་ཞིག་ཡིན་ལ། མཚོ་སྔོན་གྱི་སྣོད་བཅུད་མ་ལག་གི་བརྟན་བརླིང་རང་བཞིན་སྲུང་སྐྱོང་བྱེད་པའི་ལྷུ་ཚིགས་གལ་ཆེན་ཞིག་ཀྱང་ཡིན། ཀྲུང་གོ་ཤ་མོའི་དངོས་པོ་སློབ་ཚོགས་ཀྱི་ལས་འཛིན་དཔོན་ཀུའོ་ལེང་ཏུང་གིས་“དབྱར་རྩྭ་དགུན་འབུ་བཙོངས་པའི་ཡོང་འབབ་ཀྱིས་ཐོན་ཁུལ་གྱི་ཞིང་འབྲོག་ཚོའི་ཡོང་འབབ་བསྡོམས་འབོར་གྱི་50%ནས་80%བར་ཟིན་གྱི་ཡོད་པ་དང་། དབྱར་རྩྭ་དགུན་འབུའི་རྒྱུན་མཐུད་རང་བཞིན་གྱི་འཕེལ་རྒྱས་ནི་དེ་བས་གལ་འགངས་ཆེ་བ་ཞིག་རེད་”ཅེས་ཟེར།  
      མཚོ་སྔོན་ཞིང་ཆེན་ཕྱུགས་ལས་ཕྱུགས་རིགས་ཚན་རིག་ཁང་གི་དབྱར་རྩྭ་དགུན་འབུ་ཞིབ་འཇུག་ཁང་གི་ཀྲུའུ་རེན་ལི་ཡུས་ལིང་གིས་“མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུ་ཐོན་ཡུལ་སྤུས་ཚད་ཡག་ཤོས་ནི་ཤུལ་ཁུལ་ལ་ཆ་བཞག་ན། དབྱར་རྩྭ་དགུན་འབུ་ཁྱབ་ཁོངས་མུའུ་ཁྲི་2632.51ཟིན་གྱི་ཡོད། ཉར་ཚགས་བྱེད་ཚད་སྤྱི་འགྲོས་ལྟར་རྩིས་བརྒྱབ་ན། དབྱར་རྩྭ་དགུན་འབུ་ལོ་རེར་ཆ་སྙོམས་སྔོག་འདོན་བྱེད་ཚད་སྤྱི་རྒྱ་ཁྲི་4ཙམ་ཟིན་གྱི་ཡོད། སྤྱི་རྒྱ་3000ལྟར་རྩིས་བརྒྱབ་ན། ལོ་རེར་དབྱར་རྩྭ་དགུན་འབུ་འཚོལ་བསྡུ་བྱེད་ཚད་དུང་ཕྱུར་1.2ཟིན་གྱི་ཡོད། དེ་ཉར་ཚགས་བྱེད་ཚད་ཀྱི་13.1%ཙམ་ཟིན་གྱི་ཡོད་པས། བདེ་འཇགས་ལུགས་མཐུན་གྱི་བེད་སྤྱོད་བྱེད་ཁོངས་ཉེན་མེད་ཚུལ་མཐུན་དུ་གཏོགས་ཡོད་”ཟེར།