༄༅།།ཀན་སུའུ་འབྲུག་ཆུར་ཐོན་ཁུངས་སྤུས་ལེགས་མཉམ་དུ་སྤྱད་ནས་སློབ་ཁྲིད་ཀྱི་བྱེད་སྒོ་ཕུན་སུམ་ཚོགས་སུ་བཏང་བ།

人民网

      གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་24ཉིན། 13:47】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

      འདི་ག་ཚགས་པར་གྱི་གསར་འགོད་པ། ཝང་ཅིན་ཐའོ།

      ཉེ་ཆར་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་འབྲུག་ཆུ་རྫོང་དུ“དགེ་རྒན་གསར་པ”ཁ་ཤས་སླེབས་པ་རེད།

      “འཚར་ལོངས་ཀྱི་བརྒྱུད་རིམ་ནང་ཕ་མའི་བྱ་བ་གང་ཞིག་ཁྱེད་ཀྱིས་བརྗེད་པར་དཀའ་བ་ཞིག་རེད་འདུག”ཅེས་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་བཅིངས་འགྲོལ་སློབ་འབྲིང་གི་བསམ་བློ་ཆབ་སྲིད་ཀྱི་དགེ་རྒན་ཝུའུ་ཡོའུ་ཚུན་གྱིས་འདྲི་བ་བཏོན།

      འབྲུག་ཆུ་རྫོང་སློབ་འབྲིང་དང་པོའི་སློབ་མས་གཅིག་རྗེས་གཉིས་མཐུད་ངང་ལག་པ་བརྐྱངས་ནས་རང་ཉིད་ཀྱི་བསམ་ཚུལ་ལྷུག་པོར་གླེང་། དགེ་སློབ་དབར་ཁྱིམ་ཚང་གི་འཚོ་བའི་གནས་ཚུལ་གླེང་རེས་དང་སྤེལ་རེས་བྱེད་པའི་ཁྲོད་སློབ་མ་ཚོར་ཕན་པ་ཆེན་པོ་ཐོབ།

      ཧྲང་ཧའེ་གྲོང་ཁྱེར་སློབ་འབྲིང་བརྒྱད་པའི་རྒྱ་ཡིག་དགེ་རྒན་ཧྲེན་ཧུང་ཆི་ཡིས་རྒྱ་ཡིག་གི་རྩོམ་ཡིག་འབྲི་སྟངས་འགྲེལ་བཤད་རྒྱག་པ་དང་། པེ་ཅིང་གྲོང་ཁྱེར་ཧའེ་ཏན་ཆུས་ཡུས་ཆོན་སློབ་ཆུང་གི་དགེ་རྒན་ཚའོ་ཡན་གྱིས་ཕྱོགས་བཞིར་ཁང་པ་ཡོད་པའི་སྒོ་རའི་གཏམ་རྒྱུད་ཤོད་པ། ཀྲེ་ཅང་ཞིང་ཆེན་ཅིན་ཡུན་རྫོང་གི་དགེ་རྒན་ཟབ་སྦྱོང་སློབ་གྲྭའི་དགེ་རྒན་ཁྲེན་ཀྲི་ཆང་གིས་གནམ་རིག་སྣང་ཚུལ་ཁྱབ་གདལ་གཏོང་བ། ཧྲང་ཧའེ་གྲོང་ཁྱེར་ཧྥེང་ཧྭ་སློབ་འབྲིང་གི་དགེ་རྒན་ཚའོ་ཧྥེང་ལན་གྱིས་སློབ་མའི་སེམས་ཁམས་ཀྱི་ཁུར་པོ་སེལ་བ་སོགས་བྱེད་ཀྱི་ཡོད།

      སློབ་ཚན་འཚོགས་པ་ཕུད། འབྲུག་ཆུ་རྫོང་གི་སློབ་གསོའི་ལས་དོན་པས་འཆད་ཁྲིད་དང་བཞུགས་མོལ་ཚོགས་འདུ་རབ་དང་རིམ་པ་འཚོགས་ནས་སྔོན་ཐོན་གྱི་དོ་དམ་འདུ་ཤེས་དང་སློབ་ཁྲིད་ཀྱི་ཉམས་མྱོང་སྤེལ་རེས་བྱེད་ཀྱི་ཡོད། “ང་ཚོས་རི་ཆུ་ཁྲི་སྟོང་བརྒལ་ནས་འདིར་ཡོང་བ་དང་། ས་གནས་འདི་གའི་དགེ་རྒན་ཚོས་ཀྱང་དཀའ་སྡུག་སྣ་ཚོགས་ཁྱད་བསད་བྱེད་ཀྱི་འདུག ཚང་མའི་ཐུན་མོང་གི་དམིགས་ཡུལ་ནི་འབྲུག་ཆུའི་ཕྲུ་གུ་ཚོ་གསོ་སྐྱོང་དེ་བས་ལེགས་པར་བྱ་ཆེད་རེད”ཅེས་པེ་ཅིང་གྲོང་ཁྱེར་ཁྲའོ་དབྱང་ཆུས་ཧྭ་ཅ་ཏི་ཚོད་ལྟའི་སློབ་ཆུང་གི་སློབ་སྤྱི་ཀྲང་ཏུང་ཡུན་གྱིས་བཤད།

      ཉིན་ཤས་གོང་ཀྲུང་དབྱང་རྩ་འཛུགས་པུའུ་དང་སློབ་གསོ་པུས“སློབ་ཁྲིད་དགེ་རྒན་གྲགས་ཅན་འབྲུག་ཆུར་སྐྱོད་པའི”བྱེད་སྒོ་སྒྲིག་འཛུགས་བྱས་པ་དང་། པེ་ཅིང་དང་། ཧྲང་ཧའེ། ཀྲེ་ཅང་། ཧུའུ་པེ་སོགས་ས་ཁུལ་ནས་ཡོང་བའི་སློབ་ཁྲིད་དགེ་རྒན་གྲགས་ཅན་དང་སློབ་སྤྱི་གྲགས་ཅན་10ཡིས་འབྲུག་ཆུ་རྫོང་གི་སློབ་གྲྭ་འབྲིང་ཆུང་མང་པོ་ཞིག་ཏུ་དུས་ཡུན་ཉིན་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་ཚན་ཆེ་མོ་སློབ་ཁྲིད་དང་། ལས་སྒོའི་འཆད་ཁྲིད། དགེ་རྒན་གྱི་ལས་སྒྲུབ་ཁང་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོའི་ནང་འབྲུག་ཆུ་རྫོང་གི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཁྲི་1.3ལྷག་ཙམ་གྱིས་དྲ་ཐོག་ཐད་གཏོང་ནས་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཞིག་ཉན་པ་རེད། “དགེ་རྒན་གྲགས་ཅན་དང་སློབ་སྤྱི་གྲགས་ཅན་མང་པོ་དེ་འདྲ་མཐའ་མཚམས་དང་རི་ཁུལ་དུ་ཕྲུ་གུ་ཚོར་སློབ་ཁྲིད་བྱེད་པར་ཡོང་བ་དེ་ནི‘འགྲོ་སྐྱོད་ཀྱི་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན’ཞིག་རང་རེད”ཅེས་འབྲུག་ཆུ་རྫོང་གི་དགེ་རྒན་ཞིག་གིས་བཤད།

      སློབ་ཚན་ཐོག་སློབ་ཁྲིད་དགེ་རྒན་གྲགས་ཅན་གྱིས་གསར་གཏོད་ལྡན་པའི་སློབ་གསོ་སློབ་ཁྲིད་བྱེད་སྟངས་གསལ་སྟོན་བྱེད་པ་དང་། སློབ་གསེང་སྐབས་སློབ་ཁྲིད་དགེ་རྒན་གྲགས་ཅན་གྱིས་ཆེད་ལས་བྱང་ཚད་དང་། སེམས་ཁམས་བྱང་ཚད། དགེ་རྒན་གྱི་ཀུན་སྤྱོད་བྱང་ཚད་སོགས་ལ་དམིགས་ནས་ཉམས་མྱོང་མཉམ་སྤྱོད་བྱེད་ཀྱི་ཡོད། འབྲུག་ཆུ་རྫོང་སློབ་འབྲིང་དང་པོའི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་ཧྲེན་ཅུན་ཧྭ་ཡིས“ང་ཚོ་ཐག་རིང་ལུང་ཁུག་ཏུ་གནས་པས་དགེ་རྒན་དང་སློབ་སྤྱི་གྲགས་ཅན་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་བྱེད་པའི་གོ་སྐབས་ཉུང་ཉུང་རེད། ད་ཐེངས་ཀྱི་རིམ་སྤེལ་བྱེད་སྒོས་ངའི་མཐོང་རྒྱ་ཡངས་སུ་བཏང་བྱུང་ལ་འབད་བརྩོན་གྱི་ཁ་ཕྱོགས་ཀྱང་རྙེད་བྱུང”ཞེས་བཤད།

      ངོ་སྤྲོད་བྱས་པར་གཞིགས་ན། བྱེད་སྒོ་དེའི་དམིགས་ཡུལ་ནི“ཚལ་ཐོ་རྣམ་པའི”གསོ་སྐྱོང་དང“ཆ་སྒྲིག་རྣམ་པའི”མཉམ་ལས་བརྒྱུད། ས་གནས་དེ་གའི་སློབ་གསོའི་ལས་དོན་པའི་སློབ་ཁྲིད་ཆུ་ཚད་མཐོ་རུ་དང་སློབ་གྲྭའི་དོ་དམ་འཇོན་ཐང་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱ་ཆེད་ཡིན། སློབ་ཚན་གྱི་མ་ལག་བཀོད་སྒྲིག་ཐད་སྤྲོ་སྣང་ལྡན་པའི་ཆེད་ལས་སློབ་ཚན་ཡོད་ལ་མི་སེམས་ལ་དྲོ་སྐྱིད་སྦྱིན་པ་དང་དཀའ་ངལ་སེལ་བའི་སེམས་ཁམས་སློབ་ཚན་ཡང་ཡོད་པ་དང་། ཆུ་ཚད་མཐོ་བའི་དཔེ་སྟོན་སློབ་ཁྲིད་ཡོད་ལ་སྤེལ་རེས་དང་མཉམ་ལས་ཀྱི་སློབ་ཁྲིད་བགྲོ་གླེང་ཡང་ཡོད་པ། སློབ་ཚན་སློབ་ཁྲིད་བྱེད་ཀྱི་ཡོད་ལ་ཁྱིམ་ཚང་ལ་འཚམས་འདྲི་ཡང་བྱེད་ཀྱི་ཡོད་པ། སློབ་ཁྲིད་བྱེད་སྟངས་དང་ཐབས་ཤེས་སློབ་ཀྱི་ཡོད་ལ་སློབ་ཁྲིད་དོ་དམ་གྱི་ཉམས་མྱོང་ལ་མཛུབ་ཁྲིད་ཀྱང་བྱེད་ཀྱི་ཡོད།