༄༅།།“རྒྱལ་ཁབ་གཉིས་པོའི་དམངས་ཁྲོད་སྤེལ་རེས་ལ་སྐུལ་འདེད་གཏོང་ཆེད་ལང་ཚོའི་སྟོབས་ཤུགས་གསོག་འཇོག་བྱེད་དགོས”

人民网

      —— ཀྲུའུ་ཞི་ཞི་ཅིན་ཕིང་གིས་2024ལོའི“ཀུའུ་ལིང་ལས་འབྲེལ”གྱི་ཀྲུང་ཨའི་གཞོན་ནུའི་སྤེལ་རེས་གཟའ་འཁོར་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་རྒྱལ་ཁབ་གཉིས་པོའི་གཞོན་ནུ་ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་ཡོང་བར་ལྕག་སྐུལ་གནང་བ།

      གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་27ཉིན། 09:48】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

      འདི་ག་ཚགས་པར་གྱི་གསར་འགོད་པ། ལིའུ་ལིང་ལིང་དང་། ཀྲང་པོ་ལན། ལི་ཀྲི་ཝུའེ།

      “ལོ་བརྒྱ་ལྷག་ཙམ་སོང་བའི་ཀུའུ་ལིང་གི་བརྩེ་སེམས་ལས་འབྲེལ་ནི་ཀྲུང་གོ་དང་ཨ་རིའི་མི་དམངས་ཀྱིས་མཛའ་མཐུན་འགྲོ་འོང་བྱས་པའི་གཏམ་སྙན་ཞིག་རེད། ཀྲུང་ཨའི་ལས་རིགས་ཁག་གི་གཞོན་ནུ་ཧྥུའུ་ཀྲོའུ་རུ་འཛོམས་ཏེ་ཀུའུ་ལིང་གི་གཏམ་རྒྱུད་བསྐྱར་དྲན་དང་ཀུའུ་ལིང་གི་བརྩེ་སེམས་ལས་འབྲེལ་རྒྱུན་འཛིན་བྱས་ནས་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་སྤེལ་རེས་དང་བསམ་ཤེས་ཟབ་ཏུ་ཕྱིན་པ་མཐོང་སྐབས་ཧ་ཅང་དགའ་པོ་བྱུང”ཞེས་ཟླ་6ཚེས་24ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2024ལོའི“ཀུའུ་ལིང་ལས་འབྲེལ”གྱི་ཀྲུང་ཨའི་གཞོན་ནུའི་སྤེལ་རེས་གཟའ་འཁོར་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་དེ་ལྟར་གསུངས་པ་རེད། འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་བའི་ཀྲུང་གོ་དང་ཨ་རིའི་ལས་རིགས་ཁག་གི་མི་སྣ་དང་གཞོན་ནུའི་འཐུས་མིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ཐོག་ནས་ཀྲུང་ཨའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་གནང་ལུགས་གང་ལེགས་མཚོན་ཐུབ། ཀྲུང་གོ་དང་ཨ་རིའི་མི་དམངས་ཀྱིས་སྤེལ་རེས་གཏིང་ཟབ་དང་མཛའ་གྲོགས་ཟབ་གཏོང་གིས་ལས་སྟེགས་དང་འབྲེལ་ཟམ་དེ་བས་མང་བ་བསྐྲུན་ཏེ་ཀྲུང་གོ་དང་ཨ་རིའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་དང་དུས་རབས་གསར་པའི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་ཀྱི་ལེའུ་ཐུན་མོང་ཐོག་བརྩམ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

      “རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་ཕན་ཚུན་ཤེས་རྟོགས་བྱེད་པའི་འབྲེལ་ཟམ་བཏོད་པ”

      ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་གཞོན་ནུ་རྣམས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་ཕུགས་བསམ་ཆེན་པོ་ལྡན་པས་ཀྲུང་ཨའི་འབྲེལ་བའི་འབྱུང་འགྱུར་གཞོན་ནུ་རྣམས་ལ་ཐུག་ཡོད་ཅེས་ནན་བཤད་གནང་ཞིང་། ཁོང་གིས་ཁྱེད་ཚོས་སྤེལ་རེས་གཏིང་ཟབ་བྱེད་པ་དང་། མཛའ་གྲོགས་ཟབ་ཏུ་གཏོང་བ། ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་ཡོང་བ་བྱེད་པ། ལག་གདང་སྦྲེལ་ནས་མཉམ་སྐྱོད་བཅས་བྱས་ཏེ་ཀྲུང་ཨའི་མཛའ་གྲོགས་རྒྱུན་འཛིན་བྱས་ཏེ་ཀྲུང་ཨའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ་ཞི་བདེ་མཉམ་སྐྲུན་དང་། ཡར་ཐོན་མཉམ་སྐུལ། དར་རྒྱས་མཉམ་གཏོད་བཅས་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

      ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་ཀྱི་ཚོགས་གཙོ་དབྱང་དབན་མིང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་ཀྲུང་གོ་དང་ཨ་རིའི་གཞོན་ནུའི་དབར་སྤེལ་རེས་ཟབ་ཏུ་གཏོང་རྒྱུའི་ཐུགས་རེ་ཟབ་མོ་བཅངས་ཤིང་། ཀུའུ་ལིང་གི་གཏམ་རྒྱུད་ཁྱབ་སྤེལ་བྱེད་པ་དང་། ཀུའུ་ལིང་གི་བརྩེ་སེམས་ལས་འབྲེལ་རྒྱུན་འཛིན་བྱེད་པ། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཛའ་གྲོགས་འབྲེལ་བ་ཟབ་ཏུ་གཏོང་བ་བཅས་ཐད་མཛུབ་སྟོན་གལ་ཆེན་གནང་ཡོད། ད་ཐེངས་ཀྱི“ཀུའུ་ལིང་ལས་འབྲེལ”གྱི་ཀྲུང་ཨའི་གཞོན་ནུའི་སྤེལ་རེས་གཟའ་འཁོར་ནང་སྐད་ཆ་ཤོད་རེས་དང་། རོལ་དབྱངས་འདུ་ཚོགས། ལུས་རྩལ་གྱི་མཛའ་གྲོགས་འགྲན་བསྡུར། གཞོན་ནུའི་ཚོང་འདུས། སྒྱུ་རྩལ་མཉམ་སྤྲོ། སྒྱུ་རྩལ་གློག་བརྙན་འགྲེམས་སྟོན་སོགས་བྱེད་སྒོ་50སྤེལ་རྒྱུ་ཡིན་པས་རྒྱལ་ཁབ་གཉིས་པོའི་གཞོན་ནུ་ཚོས་ཕན་ཚུན་བསམ་ཤེས་བྱེད་ཟབ་ཏུ་གཏོང་བ་དང་ཕན་ཚུན་གྱི་མཛའ་གྲོགས་ལ་ཤུགས་སྣོན་བརྒྱབ་སྟེ་ཀྲུང་ཨའི་མི་དམངས་ཀྱི་མཛའ་གྲོགས་ཀྱི་ལེའུ་རྩོམ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད།

      ཨ་རིའི་ཅ་ལི་ཧྥུ་ཉི་ཡཱ་ཀྲོའུ་ཡི་དུས་མཚམས་དང་པོའི་བསམ་བཀོད་བར་མཐོངས་གློག་བརྙན་བརྙན་འཕྲིན་ཀུང་སིའི་བསམ་བཀོད་སྤྱི་ཁྱབ་ལྟ་ཞིབ་པ་ཁེ་ལི་སི་ཐུའོ་ཧྥུའུ·ལི·ཏན་ཉི་སིས། རྒྱལ་ཁབ་གཉིས་པོའི་གཞོན་ནུ་མཉམ་དུ་བྱེད་སྒོར་ཞུགས་སྐབས་ཕན་ཚུན་གྱི་འཚོ་བའི་གོམས་གཤིས་རྟོགས་པ་དང་ཕན་ཚུན་གྱི་བསམ་བློ་གཏོང་སྟངས་ཤེས་རྟོགས་ཐུབ་པས་ཕན་ཚུན་བསམ་ཤེས་བྱེད་ཟབ་ཏུ་འགྲོ་བར་ཕན་ཐོགས་ཡོད་ལ། ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལའང་རྨང་གཞི་འདིང་ཐུབ་ཅེས་བརྗོད་པ་རེད།

      “རིག་གནས་མི་འདྲ་བའི་དབར་སྐད་ཆ་ཤོད་རེས་དང་སྤེལ་རེས་བྱས་ན་བསམ་ཤེས་དང་ཡིད་ཆེས་ཟབ་ཏུ་འགྲོ་རྒྱུར་ཕན་ཐོགས་ཡོད” “ཨ་ཀྲུང་གི་གཞོན་ནུ་ཚོས་གང་བསམ་ལྷུག་གླེང་གིས་ཕན་ཚུན་སྤེལ་རེས་བྱས་ཚེ་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་ཤེས་རྟོགས་བྱེད་པའི་འབྲེལ་ཟམ་སྐྲུན་ཐུབ། དེ་ཨ་ཀྲུང་འབྲེལ་བའི་ངོས་ནས་བརྗོད་ན་གལ་འགངས་ཆེན་པོ་ཡིན་ལ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་རྒྱུར་ཡང་ཕན་ཐོགས་ཡོད”ཅེས་ཨ་རིའི་ཧྥུའུ་ཐེ་ཐེབས་རྩ་ལྷན་ཚོགས་ཀྱི་ས་ཁུལ་གྱི་ཀྲུའུ་རེན་དང་པེ་ཅིང་འཐུས་ཚབ་ཁྲུའུ་ཡི་དབུ་བཞུགས་འཐུས་མི་གཅིག་ལྕོགས་ཡིན་པའི་ཀྲང་མེ་ལིང་གིས་བརྗོད་པ་རེད།

      “རྒྱ་མཚོ་ཆེན་པོ་བརྒལ་བའི་མཛའ་གྲོགས་ཟབ་མོ་དེ་རྒྱུན་མཐུད་བྱེད་དགོས”

      2023ལོའི་ཟླ་6ཚེས་28ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས“ཀུའུ་ལིང་ལས་འབྲེལ”གྱི་ཀྲུང་གོ་དང་ཨ་རིའི་དམངས་ཁྲོད་མཛའ་གྲོགས་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས“ཚང་མས་ཀུའུ་ལིང་གི་གཏམ་རྒྱུད་དང་ཀུའུ་ལིང་གི་བརྩེ་སེམས་ལས་འབྲེལ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་ཀྲུང་ཨའི་མི་དམངས་དབར་གྱི་མཛའ་གྲོགས་དེ་ཀུའུ་ལིང་སྟེང་གི་ལོ་ངོ་སྟོང་གི་གསོམ་ཤིང་ལྟར་སྐྱེ་སྟོབས་ཆེན་པོས་འཚར་ལོངས་བྱུང་ནས་ནམ་ཡང་རྒྱུན་མི་ཆད་པ་བྱེད་དགོས”ཞེས་ནན་བཤད་གནང་ཡོད། དུས་ཡུན་ལོ་གཅིག་མ་སོང་བར་ཀྲུའུ་ཞི་ཞི་ཅིན་ཕིང་གིས“ཀུའུ་ལིང་ལས་འབྲེལ”གྱི་ཀྲུང་ཨའི་གཞོན་ནུའི་སྤེལ་རེས་གཟའ་འཁོར་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་དེ་ཐོག་ནས་ཀྲུང་ཨའི་དམངས་ཁྲོད་ཀྱི་མཛའ་གྲོགས་འགྲོ་འོང་ཟབ་ཏུ་གཏོང་བའི་ཐད་ཚད་མཐོའི་མཐོང་ཆེན་གནང་ལུགས་མཚོན་ཡོད།

      ཉེ་བའི་ལོ་ཤས་རིང་ཨ་རིའི་མཛའ་གྲོགས་མི་སྣ་མང་པོ་ཞིག་ཀུའུ་ལིང་གི་གཏམ་རྒྱུད་བསྐྱར་དྲན་དང་། ཀུའུ་ལིང་གི་རིག་གནས་ཉམས་ལེན། ཀུའུ་ལིང་གི་བརྩེ་སེམས་ལས་འབྲེལ་རྒྱུན་འཛིན་བཅས་བྱེད་པར་ཡོང་ནས“ཀུའུ་ལིང་གི་གྲོགས་པོའི”གྲོགས་ཚོགས་ཇེ་ཆེར་ཕྱིན་ཡོད། “ཀུའུ་ལིང་གི་ལོ་རྒྱུས་ལས་ང་ཚོར་རྒྱལ་ཁབ་མི་འདྲ་བའི་མི་དམངས་དབར་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པའི་བརྩེ་དུང་ཆགས་ཐུབ་པ་ར་སྤྲོད་བྱས་ཡོད”“ཀུའུ་ལིང་གི་གྲོགས་པོའི”ཁོངས་མི་དང་ཀུའུ་ལིང་གི་ལོ་རྒྱུས་རིག་གནས་ཞིབ་འཇུག་པ་མུའུ་ཡན་ལིང་གིས་རང་ཉིད་ཀྱི་ཁྱིམ་རྒྱུད་དང་ཀུའུ་ལིང་དབར་གྱི་ལས་འབྲེལ་སྐོར་ཕྱིར་དྲན་བྱེད་སྐབས། ཁོང་གིས“ད་ཐེངས་ཀྱི་བྱེད་སྒོར་ཞུགས་མཁན་རྒྱལ་ཁབ་གཉིས་པོའི་གཞོན་ནུ་ཚོས་མཛའ་གྲོགས་དང་། བརྩེ་བ། བརྩི་འཇོག་བཅས་མྱོང་ཚོར་གང་ལེགས་ཐུབ་རྒྱུའི་རེ་བ་ཡོད”ཅེས་བརྗོད་པ་རེད།

      ཨ་རིའི་སྨི་ཞེ་ཀེན་གྱི་ཀྲོའུ་བཙུགས་སློབ་ཆེན་ནས་ཡིན་པའི་ཏཱ་ཝེ་ཀྲུང་གོར་ཡོང་ཐེངས་དང་པོ་རེད། “ངས་ཀུའུ་ལིང་དང་འབྲེལ་བའི་མི་སེམས་འགུལ་བའི་གཏམ་རྒྱུད་མང་པོ་ཤེས་རྟོགས་ཐུབ་བྱུང་། དེ་དག་ཚང་མ་ནི་ཨ་ཀྲུང་མཛའ་གྲོགས་སྤེལ་རེས་ཀྱི་དཔང་པོ་རེད། ངས་རང་ཉིད་ཀྱི་གྲོགས་པོ་ཚོ་དང་མཉམ་དུ་རྒྱ་མཚོ་ཆེན་པོ་བརྒལ་བའི་མཛའ་གྲོགས་ཟབ་མོ་དེ་རྒྱུན་མཐུད་བྱ་རྒྱུ་ཡིན”“གསོ་རིག་སློབ་མ་ཞིག་ཡིན་པའི་ངོས་ནས་ཕྱིས་སུ་ཀྲུང་གོའི་ལས་རོགས་དང་མཉམ་དུ་གསོ་རིག་ཁྱབ་ཁོངས་ཀྱི་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ་མིའི་རིགས་ཀྱི་བདེ་ཐང་བྱ་གཞག་ལ་ཐུན་མོང་ཐོག་སྟོབས་ཤུགས་སྐྱེས་སུ་འབུལ་འདོད་ཡོད”ཅེས་ཏཱ་ཝེ་ཡིས་བརྗོད་པ་རེད།

      “ཨ་ཀྲུང་རྒྱལ་ཁབ་གཉིས་ལ་ཕན་པ་ཐོབ་རྒྱུ་མ་ཟད། ད་དུང་འཛམ་གླིང་ལའང་ཕན་པ་ཐོབ་རྒྱུ་རེད”

      2023ལོའི་ཟླ་11པར། ཅིའུ་ཅིན་ཧྲན་དུ་གཉེར་བའི་ཨ་རིའི་མཛའ་གྲོགས་ཚོགས་པའི་མཉམ་འབྲེལ་དགའ་བསུ་ཞུ་བའི་གསོལ་སྟོན་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གཏམ་བཤད་གནང་སྐབས། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་མི་རབས་དབར་སྤེལ་རེས་བྱེད་རྒྱ་ཆེ་རུ་གཏོང་ཆེད། ཀྲུང་གོ་ཕྱོགས་ཀྱིས་འབྱུང་འགྱུར་ལོ་5ཡི་རིང་ཨ་རིའི་གཞོན་ནུ་ལོ་ཆུང་ཁྲི་5ཙམ་ཀྲུང་གོར་སྤེལ་རེས་སློབ་སྦྱོང་བྱེད་པར་གདན་འདྲེན་ཞུ་འདོད་ཡོད་ཅེས་ཁྱབ་བསྒྲགས་གནང་བ་རེད། ཉེ་ཆར་ཨ་རིའི་ལིན་ཁེན་སློབ་འབྲིང་དང་། སི་ཐེ་ལཱ་ཁུང་སློབ་འབྲིང་། མཱ་སི་ཁཱ་ཐིང་སློབ་འབྲིང་བཅས་ཀྱི་དགེ་སློབ་ཚོས་བདེ་བླག་ངང་ཀྲུང་གོར་ཡུལ་སྐོར་བྱས་པ་དང“འབྱུང་འགྱུར་གྱི་འབྲེལ་ཟམ”ཞེས་པའི་ཀྲུང་གོ་དང་ཨ་རིའི་གཞོན་ནུའི་སྤེལ་རེས་འཆར་གཞི་གཅིག་རྗེས་གཉིས་མཐུད་ངང་ལག་ལེན་བསྟར་ནས་རྒྱལ་ཁབ་གཉིས་པོའི་གཞོན་ནུའི་སྤེལ་རེས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ཡོད།

      ཨ་རིའི་ཁུའུ་ཨེན་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལུའོ་པོ་ཐེ·ལའོ་ལུན་སི·ཁུའུ་ཨེན་གྱིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཏོན་གནང་ནས་རྒྱལ་སྤྱིའི་མི་ཆོས་རིག་གནས་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ན་དམངས་སེམས་འབྲེལ་མཐུད་ཟབ་ཏུ་འགྲོ་རྒྱུར་ཕན་ཐོགས་ཡོད་པའི་འབོད་སྐུལ་གནང་ཡོད། གཞོན་ནུ་ཚོར་ཕྱོགས་ཞེན་གྱི་ཤུགས་རྐྱེན་ཅུང་ཉུང་ཙམ་ཐེབས་ན་སྲོལ་རྒྱུན་གྱི་འདུ་ཤེས་ལ་དེ་བས་འགྲན་སློང་བྱེད་འདོད་བྱེད་སྲིད། ཨ་རིའི་སློབ་མ་ཀྲུང་གོར་སྤེལ་རེས་དང་སློབ་སྦྱོང་བྱེད་པར་བསྐྱོད་ཚེ་ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་སྤེལ་རེས་དང་བསམ་ཤེས་སྔར་བས་ཟབ་ཏུ་འགྲོ་རྒྱུར་ཕན་ཐོགས་ཡོད་ཅེས་བརྗོད་པ་རེད།

      “ཨ་ཀྲུང་གི་གཞོན་ནུ་ལོ་ཆུང་སློབ་མའི་སྤེལ་རེས་མཐུན་ཚོགས”ཀྱི་མཉམ་འབྲེལ་ཀྲུའུ་ཞི་ཀྲོའུ་ཧྲུའུ་ཆི་ཡིས་ཨ་རིའི་སློབ་མ་180དང་མཉམ་དུ་པེ་ཅིང་དང་ཧྥུའུ་ཀྲོའུ་སོགས་སུ་སྤེལ་རེས་འཚམས་འདྲི་བྱ་རྒྱུ་རེད། ཀྲོའུ་ཧྲུའུ་ཆི་ཡིས་གཞོན་ནུ་མི་རབས་དབར་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་ནི་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་རྨང་གཞི་བརྟན་དུ་གཏོང་བའི་བྱ་ཐབས་གལ་ཆེན་གྱི་གྲས་ཤིག་རེད། གཞོན་ནུ་མི་རབས་དབར་རྒྱུན་མཐུད་ངང་མཛའ་གྲོགས་འགྲོ་འོང་བྱས་ཚེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་ལེགས་སྐྱེས་འབུལ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད།