༄༅།།ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རྒྱུའི་བརྗིད་ཆེའི་དམིགས་ཚད་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས།

人民网

      —— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཚན་རྩལ་ཚོགས་ཆེན་དང་། རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་པའི་ཚོགས་ཆེན། ཁང་གཉིས་ཀྱི་ཡོན་ཧྲིའི་ཚོགས་ཆེན་བཅས་ཀྱི་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུའི་སྐོར་གླེང་བ།

      གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་28ཉིན། 13:15】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

      འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།

      ཚན་རྩལ་དར་ན་མི་རིགས་དར། ཚན་རྩལ་རྒྱས་ན་རྒྱལ་སྟོབས་འཕེལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཚན་རྩལ་དེང་རབས་ཅན་ལ་བརྟེན་ནས་འདེགས་སྐྱོར་བྱེད་དགོས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྒུལ་ཤུགས་གསར་པ་སྐྱེད་སྲིང་བྱེད་དགོས། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་དམིགས་ཚད་དང་ལས་འགན་མངོན་འགྱུར་བྱེད་པར་ངེས་པར་དུ་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་གང་མགྱོགས་མངོན་འགྱུར་བྱེད་དགོས། ཟླ་6ཚེས་24ཉིན་རྒྱལ་ཡོངས་ཀྱི་ཚན་རྩལ་ཚོགས་ཆེན་དང་། རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་པའི་ཚོགས་ཆེན། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་ཉེར་གཅིག་པ། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅུ་བདུན་པ་བཅས་གཟབ་རྒྱས་ངང་འཚོགས་པ་རེད། ད་ཐེངས་ཀྱི་ཚོགས་ཆེན་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚན་རྩལ་གྱི་ཚོགས་འདུ་གཟབ་རྒྱས་ཤིག་ཡིན་པས། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་དང་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་གང་མགྱོགས་བསྐྲུན་རྒྱུ་མངོན་འགྱུར་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད།

      སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་ནས་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་མཐོ་ཤོས་ཐོབ་མཁན་སོགས་ལ་བྱ་དགའ་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་སྤྱི་ཡོངས་ཀྱི་འཐབ་ཇུས་མཐོ་ཚད་ཐོག་ནས་ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་ཚན་རྩལ་གསར་གཏོད་འཕེལ་རྒྱས་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་དང་། དུས་རབས་གསར་པའི་ཚན་རྩལ་བྱ་གཞག་འཕེལ་རྒྱས་ཀྱི་ཉམས་མྱོང་གལ་ཆེན་ལ་ཕྱོགས་སྡོམ་གཏིང་ཟབ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་བརྒྱུད་རིམ་རླབས་པོ་ཆེའི་ཁྲོད་ཀྱི་ཚན་རྩལ་གསར་གཏོད་ཀྱི་ནུས་པ་གལ་ཆེན་ལ་རྒྱས་བཤད་གཏིང་ཟབ། དུས་བབ་གསར་པའི་འོག་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་གང་མགྱོགས་འཛུགས་སྐྲུན་བྱེད་པའི་གཞི་རྩའི་ནང་དོན་དང་ལས་འགན་གཙོ་བོར་བརྒྱུད་རིམ་ལྡན་པའི་སྒོ་ནས་རྒྱས་བཤད་བཅས་གནང་ནས། དུས་རབས་གསར་པའི་ཚན་རྩལ་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།

      རང་རེའི་ཏང་གིས་སྔར་ནས་བཟུང་ཚན་རྩལ་བྱ་གཞག་གོང་འཕེལ་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འཕེལ་ཕྱོགས་ཆེན་པོར་གཟིགས་ཞིབ་དང་། སྤྱི་ཡོངས་ལ་ཇུས་འགོད། རྩ་བར་དམ་འཛིན་བཅས་གནང་སྟེ། ཚན་སློབ་རྒྱལ་དར་གྱི་འཐབ་ཇུས་དང་། ཤེས་ལྡན་པའི་རྒྱལ་ཁབ་སྟོབས་ཆེན་གྱི་འཐབ་ཇུས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་ལག་བསྟར་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཚན་རྩལ་གསར་གཏོད་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་ལྟེ་བའི་གནས་བབ་ཏུ་འཇོག་པ། ཚན་རྩལ་གསར་གཏོད་ལས་དོན་ལ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཇུས་འགོད་བྱེད་པ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ལ་སྐུལ་འདེད་ནུས་ལྡན་གཏོང་བ་བཅས་བྱས་པས། རང་རྒྱལ་གྱི་ཚན་རྩལ་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ནས་གསར་གཏོད་རྣམ་པའི་རྒྱལ་ཁབ་ཀྱི་གྲས་སུ་ཚུད་ཡོད། དབྱང་གཉིས་ཐཱན་འགྱུར་གྱི་མིས་བཟོས་འདྲེས་གྲུབ་བསིང་ཕྱེ“ལག་རྩལ་གྱི་དངོས་པོར”མངོན་འགྱུར་བྱུང་བ་ནས་གོ་ལ་ཧྲིལ་པོའི་ཉིང་རྡུལ་གློག་ཁང་རབས་བཞི་པ་ཚོང་ལས་འཁོར་སྐྱོད་བྱེད་འགོ་ཚུགས་པའི་བར་དང་། དེ་ནས་འདུས་གྲུབ་གློག་ཁང་དང་མིས་བཟོས་རིག་ནུས་སོགས་གསར་དར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་བར་རང་རྒྱལ་གྱི་རྨང་གཞིའི་ཞིབ་འཇུག་གསར་ཤོས་ལ་ཚད་བརྒལ་གསར་པ་བྱུང་བ་དང་། འཐབ་ཇུས་ཀྱི་ལག་རྩལ་མཐོ་བའི་ཁྱབ་ཁོངས་སུ་མཆོང་སྐྱོད་གསར་པ་བྱུང་བ། གསར་གཏོད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་རྒྱུར་སྐུལ་འདེད་གཏོང་བར་གྲུབ་འབྲས་གསར་པ་ཐོབ་པ། ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་ཀྱི་རྣམ་པ་གསར་པ་བཏོད་པ། རྒྱལ་སྤྱིའི་སྒོ་དབྱེའི་མཉམ་ལས་ལ་འཕེལ་རྒྱས་གསར་པ་བྱུང་བ། ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་གང་མགྱོགས་བསྐྲུན་པར་རྨང་གཞི་བརྟན་པོ་བཏིང་ཐུབ་པ་བཅས་བྱུང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད།

      ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རང་བདག་གསར་གཏོད་ཀྱི་འགྲོ་ལམ་དུ་བསྐྱོད་རྒྱུ་མཐའ་འཁྱོངས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས། “ཁ་ཕྱོགས་པ་བཞིའི”འཐབ་ཇུས་ཀྱི་སྟོན་ཕྱོགས་མཐའ་འཁྱོངས། སྒྱུར་བཅོས་ཟབ་གཏོང་ལ་བརྟེན་ནས་གསར་གཏོད་ཀྱི་གསོན་ཤུགས་འཕེལ་རྒྱུ་མཐའ་འཁྱོངས། སློབ་གསོ་དང་ཚན་རྩལ་ཤེས་ལྡན་པའི་འཁོར་རྒྱུག་བཟང་པོ་ཡོང་བར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། གསར་གཏོད་རིག་གནས་གསོ་སྐྱོང་བྱ་རྒྱུ་མཐའ་འཁྱོངས། ཚན་རྩལ་སྒོ་དབྱེའི་མཉམ་ལས་ཀྱིས་མིའི་རིགས་ལ་བདེ་སྐྱིད་བསྐྲུན་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་སྡོམ་གཏིང་ཟབ་གནང་བའི“མཐའ་འཁྱོངས་བརྒྱད”ཀྱི་ཉམས་མྱོང་གལ་ཆེན་དེ་ནི་དུས་རབས་གསར་པའི་ཚན་རྩལ་བྱ་གཞག་འཕེལ་རྒྱས་ཀྱི་ལག་ལེན་ཁྲོད་རང་རེའི་ཏང་གིས་ཆོས་ཉིད་རང་བཞིན་ལ་ངོས་འཛིན་གཏིང་ཟབ་ཏུ་བཏང་བ་ཞིག་ཡིན་པས། ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པ་མ་ཟད། ལག་ལེན་ཁྲོད་དུ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་ཀྱང་གཏོང་དགོས།

      མིག་སྔར། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གཉིས་འཕེལ་རྒྱས་གཏིང་ཟབ་ཕྱིན་པ་དང་། ཚན་རྩལ་གསར་བརྗེ་དང་རྒྱལ་ཁབ་ཆེན་པོའི་དབར་གྱི་འཐབ་འགྲན་མཉམ་དུ་འདྲེས་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཐོག་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལྟེ་བའི་ལས་འགན་ཁ་གསལ་བཟོས་པ་དང་། 2035ལོར་སླེབས་སྐབས་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པའི་འཐབ་ཇུས་དམིགས་ཚད་ཁ་གསལ་བཟོས་ཡོད། ངེས་པར་དུ་ཚན་རྩལ་གསར་གཏོད་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ཚན་རྩལ་འགྲན་རྩོད་དང་འབྱུང་འགྱུར་འཕེལ་རྒྱས་ཀྱི་མཐོ་ས་འཛིན་དགོས། “མཐའ་འཁྱོངས་བརྒྱད”ཀྱི་ཉམས་མྱོང་གལ་ཆེན་བེད་སྤྱོད་གང་ལེགས་བྱས་ཏེ་ཏང་ཀྲུང་དབྱང་གིས་ཚན་རྩལ་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་སྟོབས་ཤུགས་གཅིག་སྡུད་ཀྱིས་དོན་ཆེན་སྒྲུབ་པའི་དགེ་མཚན་འདོན་སྤེལ་བྱས་ཏེ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་འགན་ལེན་བྱས་ཏེ་ཚན་རྩལ་གྱི་སྟོབས་ཤུགས་དང་གསར་གཏོད་ཀྱི་འཇོན་ཐང་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། ལམ་ལུགས་ཀྱི་ལེགས་ཆ་དེ་ཚན་རྩལ་འགྲན་རྩོད་ཀྱི་ལེགས་ཆར་ཏན་ཏིག་སྒྱུར་བ་བྱས་ནས་སློབ་གསོ་འཕེལ་རྒྱས་དང་། ཚན་རྩལ་གསར་གཏོད། ཤེས་ལྡན་པ་གསོ་སྐྱོང་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས་འཚོལ་ཞིབ་ལ་ལྕག་སྐུལ་དང་ཕམ་ཉེས་ལ་གུ་ཡངས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དེ་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་གཅོག་པ་དང་མིའི་རིགས་ཀྱི་འཕེལ་རྒྱས་དང་ཡར་ཐོན་ལ་སྐུལ་འདེད་གཏོང་ཆེད། ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་སྟོབས་ཤུགས་སྐྱེས་སུ་ཕུལ་ཚེ་ང་ཚོས་ཚན་རྩལ་གྱི་སྲོག་རྩ་དང་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་རང་ཉིད་ཀྱི་ལག་ཏུ་སྟངས་འཛིན་ནན་པོ་ཐུབ་ངེས་ཡིན་ཞིང་། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་མངོན་འགྱུར་ཐུབ་ངེས་རེད།

      རང་རྒྱལ་འདི་ཉིད་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་ལ་འཛུགས་སྐྲུན་བྱ་རྒྱུ་ནི་ཉེ་རབས་ནས་བཟུང་གི་ཀྲུང་ཧྭ་མི་རིགས་ཀྱིས་ཧུར་ཐག་འབད་ཐག་གིས་དོན་གཉེར་བྱེད་པའི་ཕུགས་འདུན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་རྒྱལ་གྱིས་འཛུགས་སྐྲུན་བྱེད་དགོས་པའི་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་ལ་རྒྱས་བཤད་གཏིང་ཟབ་གནང་བ་སྟེ། “འཛམ་གླིང་གི་མདུན་གྲལ་དུ་སླེབས་པའི་ཚན་རྩལ་གྱི་སྟོབས་ཤུགས་དང་གསར་གཏོད་ཀྱི་ནུས་པ་ལྡན་དགོས་པ་དང་། དཔལ་འབྱོར་གྱི་སྟོབས་ཤུགས་དང་། རྒྱལ་སྲུང་གི་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་སྤྱི་ཡོངས་ལེགས་སུ་འགྲོ་བར་འདེགས་སྐྱོར་བྱས་ཏེ་མིའི་རིགས་ཀྱི་བདེ་རྩ་ཆེ་རུ་གཏོང་བ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ངེས་པར་དུ“རྨང་གཞིའི་ཞིབ་འཇུག་དང་གདོད་མའི་གསར་གཏོད་ནུས་པ་ཆེན་པོ་ལྡན་དགོས་པ”དང་། “འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་གྱི་ནུས་པ་ཆེན་པོ་ལྡན་དགོས་པ” “རྒྱལ་སྤྱིར་ཤུགས་རྐྱེན་ཐེབས་ནུས་དང་སྣེ་ཁྲིད་ནུས་པ་ཆེན་པོ་ལྡན་དགོས་པ” “ཆུ་ཚད་མཐོ་བའི་ཚན་རྩལ་ཤེས་ལྡན་པ་གསོ་སྐྱོང་དང་གཅིག་སྡུད་བྱེད་པའི་ནུས་པ་ཆེན་པོ་ལྡན་དགོས་པ” “ཚན་རྩལ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་ཆེན་པོ་ལྡན་དགོས་པ”བཅས་ཕྱོགས་ལྔའི་ཐད་ཀྱི་གཞི་རྩའི་རྒྱུ་རྐྱེན་ལྡན་དགོས་པ་བཏོན་གནང་ཡོད། དེས་ང་ཚོས་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པར་འཐབ་ཇུས་ཀྱི་ལས་འགན་སྔར་བས་ཁ་གསལ་བཏོན་པ་དང་ཤུགས་རྒྱག་ས་གཙོ་བོའི་ཁ་ཕྱོགས་གསལ་པོར་བཏོན་ཡོད། ད་ལྟ་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་གྱི་དམིགས་ཚད་མངོན་འགྱུར་བྱེད་པར་ལོ་11ལས་ལྷག་མེད། ང་ཚོས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་དགོས་གཏུག་གི་བསམ་པ་དང་ལས་འགན་སྒྲུབ་སེམས་དང་། སྙིང་རུས་བརྟན་འཁྱོངས་ཀྱི་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་དང་བློ་རྩ་བརྟན་པོར་བརྟེན་ཏེ་གོམ་པ་རེ་ལ་རྐང་རྗེས་རེའི་ཐོག་ནས་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་དམིགས་ཚད་དོན་དངོས་སུ་འགྱུར་བར་བྱེད་དགོས།

      བརྗིད་ཆེའི་འཆར་གཞི་མངོན་འགྱུར་བྱེད་པར་ཚན་རྩལ་ལ་འཐབ་ཇུས་ཀྱི་སྔོན་ཁྲིད་གནས་བབ་དང་རྩ་བའི་འདེགས་སྐྱོར་གྱི་ནུས་པ་ལྡན་ཡོད། ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི“ལོ་རྒྱུས་ཀྱི་རྒྱུག་མཐུད་དབྱུག་པ་ང་ཚོའི་མི་རབས་འདིའི་ལག་ཏུ་སྤྲད་ཟིན་པས”ཚན་རྩལ་འཐབ་ཕྱོགས་ཀྱི་ལས་འགན་ལྗིད་པོ་ཕྲག་ཏུ་བབ་པ་དང་ལས་འགན་གཟི་བརྗིད་ལྡན་པ་ཞིག་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལོན་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ། བློ་སྟོབས་ཆེན་པོ་ལྡན་པ། ངར་ཤུགས་གཅིག་སྒྲིམ། ཤུགས་སྐྱེད་སྟོབས་སྤེལ། མཐུན་སྒྲིལ་འབད་འཐབ་བཅས་བྱས་ནས། ལོ་རྒྱུས་ཀྱི་རྒྱུག་མཐུད་དབྱུག་པ་བླངས་ནས་མུ་མཐུད་མདུན་སྐྱོད་བྱས་ཏེ་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་དམིགས་ཚད་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས། (བསོད་བདེ་གཞོན་པ་དང་རིག་རྡོར་གྱིས་སྒྱུར་ཞུས་བྱས)