༄༅།།སྐམ་དམག་ལུའེ་ཤོག་ཅིག་གི་ཡིང་ཤོག་དང་པོའི་ལེན་ཤོག་གཉིས་པར་གཟི་བརྗིད་མཚན་སྙན་གནང་བ།

人民网

      གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་11ཉིན། 10:16】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

      ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་ནས་སྐམ་དམག་ལུའེ་ཤོག་ཅིག་གི་ཡིང་ཤོག་དང་པོའི་ལེན་ཤོག་གཉིས་པར“དཔེ་བཟང་འཕུར་མདེལ་མེ་སྒྱོགས་དམག་གི་ལེན་ཤོག”གི་གཟི་བརྗིད་མཚན་སྙན་གནང་བ་རེད།

      ལེན་ཤོག་དེ་1937ལོར་བཙུགས་ཤིང་། ཐ་ཧྲན་འགོག་རྒོལ་དམག་འཐབ་དང་། ཅིན་ཁྲེང་གཡུལ་འགྱེད། ཅིན་མོན་ལ་མེ་སྒྱོགས་རྒྱག་པ་སོགས་ཀྱི་གཡུལ་འགྱེད་དམག་འཐབ་ལ་ཞུགས་མྱོང་ཡོད། ཉེ་བའི་ལོ་ཤས་རིང་། ལེན་ཤོག་དེས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེའི་དགོངས་པར་བརྟེན་ནས་ལེན་ཤོག་འཛུགས་པ་དང་མི་སྣ་གསོ་སྐྱོང་མཐའ་འཁྱོངས་ཀྱིས་སྲོལ་རྒྱུན་བཟང་པོ་རྒྱུན་འཁྱོངས་དང་། ནུས་ཤུགས་གཅིག་སྒྲིལ་གྱིས་དམག་གྲབས་དམག་རྒྱག “འགྱུར་མེད་བཞིའི”ཉམས་སད་ཐེག་ཐུབ་པའི་ལེན་ཤོག་འཛུགས་པ་བཅས་བྱས་ནས་ལས་འགན་གལ་ཆེན་མང་པོ་ལེགས་པར་བསྒྲུབས་ཡོད།

      བཀའ་རྒྱའི་ནང་བླང་བྱ་བཏོན་དོན། དམག་ཡོངས་ཀྱི་དཔུང་སྡེས་ཁོང་ཚོར་སློབ་སྦྱོང་བྱས་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། ཆབ་སྲིད་ཀྱི་ལྷག་བསམ་དག་ཏུ་གཏོང་བ། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱེད་དགོས། དམག་སྦྱོང་དམག་གྲབས་ལ་དམ་འཛིན་ནན་པོ་བྱས་ནས་དངོས་འཐབ་ཅན་དང་དམིགས་སའི་རང་བཞིན་ལྡན་པའི་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁ་ཐོབ་པའི་འཇོན་ཐང་མགྱོགས་མྱུར་ཆེ་རུ་གཏོང་བ། དམག་རྒྱག་ཐུབ་པ་དང་རྒྱལ་ཁ་ཐོབ་པའི་དམག་ཧྲག་དང་ལུའེ་ཤོག་སྟོབས་ཆེན་འཛུགས་སྐྱོང་བཅས་བྱེད་དགོས། ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ཞུན་བརྡར་གྱིས་གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་གཉིས་ནས་ཤི་རྒྱུར་མི་སྐྲག་པའི་དམག་འཐབ་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། འཐབ་རྩོད་བྱེད་ཕོད་པ་དང་རལ་གྲི་འཕྱར་ཕོད་པའི་བློ་སྟོབས་དང་གཤིས་རྒྱུད་གསོ་སྐྱོང་། དུས་རབས་གསར་པའི་གསར་བརྗེའི་དམག་མིའི་དཔའ་ངར་དང་བློ་སྟོབས་ཞུན་བརྡར་བཅས་བྱེད་དགོས།

      ཀྲུང་དབྱང་དམག་ཨུད་ཀྱིས་འབོད་སྐུལ་བྱས་དོན། དམག་ཡོངས་ཀྱི་དཔུང་སྡེ་དང་རྒྱ་ཆེའི་དཔོན་དམག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ཏེ་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེའི་དགོངས་པ་ལག་ལེན་གཏིང་ཟབ་བསྟར་བ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་ཀྱི་མཛད་ཕྱོགས་ལག་ལེན་གཏིང་ཟབ་བསྟར་བ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། དམག་ཨུད་ཀྱི་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་ལག་ལེན་བསྟར་བ། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱེད་པ་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཤེས་ལྡན་པར་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཁྲིམས་ལ་བརྟེན་ནས་དམག་དཔུང་སྐྱོང་བ་བཅས་མཐའ་འཁྱོངས་བྱེད་པ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོབ་བྱེད་པའི་འཐབ་ཇུས་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ནས། དམག་དཔུང་བཙུགས་ནས་ལོ་བརྒྱའི་འབད་འཐབ་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་དང་མི་དམངས་ཀྱི་དམག་དཔུང་འདི་ཉིད་འཛམ་གླིང་གི་དམག་དཔུང་རྩེ་གྲར་མགྱོགས་མྱུར་འཛུགས་སྐྱོང་བྱེད་པར་འབད་འཐབ་ལྷོད་མེད་བྱེད་དགོས།