༄༅།།ཡུན་ནན་བདེ་ཆེན་གྱིས་ས་མཐོའི་སྲོག་ཆགས་རྩ་ཆེན་སྤྲེལ་ཁྲ་སྲུང་བའི་ལས་ལ་གཞོལ་བ།

人民网

      གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་03ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

      ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཕུའུ་ཁྲའོ།
      ལོ་72ལ་སླེབས་པའི་སྤྲེའུ་སྲུང་མཁན་ཡུས་ཅན་ཧྭ་ཡིས་ནམ་ལངས་མ་ཐག་རྡོག་ཁྲེས་རྒྱབ་ཏུ་ཁུར་ནས་རི་ཁྲོད་ཀྱི་ཕུ་ལ་བསྐྱོད་ཅིང་། སྤྲེལ་ཁྲའི་ཁྱུ་འཚོ་སའི་གནས་མལ་རྙེད་རྗེས་དེའི་ཉེ་འཁོར་དུ་བསྡད་དེ་ས་རུབ་མཚམས་སུ་གཞི་ནས་ལོག་འགྲོ་གི་ཡོད།
      ཡུས་ཅན་ཧྭ་ཡིས། “ང་ཚོ་ཞོགས་པ་སྤྲེའུ་ལས་ལངས་སྔ་བ་དང་དགོང་མོ་སྤྲེའུ་ལས་ཉལ་འཕྱི་བ་ཡོད”ཅེས་བརྗོད། ཁོང་གིས། ཡུག་ཁུལ་དེའི་སྤྲེའུ་སྲུང་མཁན་གྱི་རུ་ཁག་ཚོགས་ཆུང་ཁག་གཉིས་ལ་བགོས་ཡོད་ཅིང་། ཚོགས་ཆུང་རེར་མི་10རེ་བྱས་ཏེ་ཉིན་རེའི་ལྟ་སྲུང་གི་འགན་ཁུར་བ་དང་སྦྲགས། སྤྲེལ་ཁྲར་ལྟོ་སྟེར་དགོས་ཀྱི་ཡོད། ཡུལ་སྐོར་དང་ཚན་ཞིབ་པ་འཕྲད་ཚེ་ང་ཚོས་ཁོང་ཚོར་ལམ་སྣེ་བསྟན་ནས་སྤྲེལ་ཁྲ་འཚོལ་རོགས་བྱེད་ཀྱི་ཡོད་ཅེས་བརྗོད།
      ཡུས་ཅན་ཧྭ་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་འབའ་ལུང་ལི་སུའུ་རིགས་རང་སྐྱོང་རྫོང་ཐ་གྲོང་གྲོང་རྡལ་གྱི་པད་མ་གངས་རིའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཞང་ཀུའུ་ཆིང་ཡུག་ཁུལ་གྱི་སྤྲེའུ་སྲུང་མཁན་ཞིག་རེད། ཁོང་གིས། སྔོན་མ་དེ་གའི་ཡུལ་མི་མི་ཉུང་བས་འཚོ་ཚིས་ཀྱི་ཆེད་དུ་རི་འདབས་སུ་རྔོན་རྒྱག་པ་དང་། ཤིང་གཅོད་བཞིན་ཡོད་པས། དེས་སྤྲེལ་ཁྲ་གནས་བཅའ་ཡུལ་ལ་ཤུགས་རྐྱེན་བཟོས་སྟབས། སྤྲེལ་ཁྲར་སྲུང་སྐྱོང་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་གྱུར། 1983ལོར་པད་མ་གངས་རིའི་རང་བྱུང་སྲུང་སྐྱོང་ཁུལ་བཙུགས་རྗེས། མི་རབས་མང་པོ་རྔོན་བརྒྱབ་ནས་འཚོ་བ་སྐྱེལ་བཞིན་པའི་ཡུལ་མི་དག་རིམ་བཞིན་འཚོ་ཐབས་གཞན་འཚོལ་བར་སྐྱོད་པ་དང་། རང་ཉིད་ཀྱང་དེ་ནས་བཟུང་སྤྲེའུ་སྲུང་མཁན་གྱི་རུ་ཁག་ནང་ཞུགས་ཏེ། ཉིན་ལྟར་ཞོགས་པ་ཆུ་ཚོད་དྲུག་པ་ནས་དགོང་མོའི་ཆུ་ཚོད་བརྒྱད་པ་ལྷག་ཙམ་བར་ཞང་ཀུའུ་ཆིང་ཡུག་ཁུལ་དུ་སྤྲེལ་ཁྲའི་ཁྱུ་སྲུང་ནས་སྡོད་ཀྱི་ཡོད། འདི་ལྟར་བརྩིས་ན། ངས་ད་བར་ལོ་28རིང་སྤྲེལ་ཁྲ་བསྲུངས་པ་ཡིན་ཞེས་བརྗོད།
      ཉིན་ཤས་གོང་། གསར་འགོད་པས་ཞང་ཀུའུ་ཆིང་ཡུག་ཁུལ་དུ་སྤྲེལ་ཁྲ་བཅུ་གྲངས་ཁ་ཤས་ནགས་གསེབ་ཏུ་རང་དགར་རྒྱུ་ཞིང་། ལ་ལས་ཤིང་རྩེར་འཁྱུད་ནས་རྩེད་འཇོར་རོལ་བ་དང་། ལ་ལས་འཁྲི་ཤིང་བསྒྲུགས་ནས་ཟ་བ་མ་ཟད། ལྟ་སྲུང་བ་འགས་ནགས་གསེབ་ཀྱི་སྡོང་པོ་ནས་ཤིང་འབྲས་བཏུས་ཏེ་སྤྲེའུ་ལ་སྟེར་བ་དང་། འཁྲིས་སུ་སྤྲེའུ་ཕྲུག་གཉིས་གསུམ་ཙམ་ཕར་ཚུར་འདེད་རེས་ཀྱིས་རྩེད་མོ་རྩེ་བཞིན་པ་མཐོང་བྱུང་།
      སྤྲེལ་ཁྲ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་དང་འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ(IUCN)མིང་གཞུང་དམར་པོའི་ནང་འཁོད་པའི་སྟོངས་ལ་ཉེ་བའི་སྲོག་ཆགས་ཀྱི་རིགས་ཤིག་ཡིན། སྤྲེའུ་སྲུང་མཁན་རུ་ཁག་བཙུགས་ནས་སྤྲེའུ་ཁྱུ་དང་ཁྱུ་སྲུང་བ་ནི་པད་མ་གངས་རིའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས་སྤྲེལ་ཁྲར་སྲུང་སྐྱོང་བྱེད་པའི་བྱ་ཐབས་ཀྱི་གྲས་ཤིག་རེད།
      སྲུང་སྐྱོང་ཁུལ་དུ་ད་དུང་གསལ་ཚད་མཐོ་བའི་གློག་མིག་བསྒར་ཡོད་སྟབས། སྤྱི་ལེ་2ཀྱི་ས་ཁོངས་སུ་གནས་པའི་སྤྲེའུ་ཁྱུའི་འགུལ་སྐྱོད་གནས་ཚུལ་རང་འགུལ་ངང་བརྙན་ལེན་ཐུབ་ཀྱི་ཡོད་ཅིང་། དེས་ལས་དོན་པ་རྣམས་ལས་དོན་ས་ཚིགས་ཀྱི་ཤིང་ཁང་ནས་ཕྱིར་དོན་མི་དགོས་པར་རང་སར་བསྡད་དེ་བརྙན་ཤེལ་ནས་སྤྲེལ་ཁྲའི་འགུལ་སྐྱོད་གནས་ཚུལ་ལ་ལྟ་ཞིབ་ཐུབ་ཀྱི་ཡོད།
      ཞང་ཀུའུ་ཆིང་ཡུག་ཁུལ་དུ་སྲོལ་རྒྱུན་གྱི་ཤིང་ཁང་ཞིག་ཡོད་པ་དེ་ནི་སྤྲེལ་ཁྲ་ལ་ལྟ་ས་རེད། པད་མ་གངས་རིའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ས་ཚིགས་ཀྱི་འགོ་འཛིན་ལའེ་ཅན་ཏུང་གིས། “དེ་ནས་སྤྲེལ་ཁྲའི་ཁྱུ་ཚོགས་ཀྱི་འགུལ་སྐྱོད་གནས་ཚུལ་གསལ་ལེར་མཐོང་ཐུབ”ཅེས་བརྗོད་ཅིང་། ཁོང་གིས། སྲུང་སྐྱོང་ཁུལ་འདི་ནི་ཀྲུང་གོའི་སྤྲེལ་ཁྲར་སྲུང་སྐྱོང་བྱེད་པའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཆེ་ཤོས་དེ་ཡིན། 2019ལོར་ཡུན་ནན་ཞིང་ཆེན་གྱིས་ས་ཁོངས་ཧྲིལ་པོར་སྤྲེལ་ཁྲར་སྲུང་སྐྱོང་བྱེད་པའི་དྲ་བ་བསྐྲུན་ནས། པད་མ་གངས་རིའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས་སྤྲེལ་ཁྲའི་རིགས་ཁྱུར་ལྟ་ཞིབ་ཚད་ལེན་དང་། སྐོར་གཡེང་། གནས་བཅའ་སའི་བར་ཁྱམས་ཉམས་བཟོ། སྡེ་ཁུལ་སྲུང་སྐྱོང་། རང་བྱུང་ཁམས་ཀྱི་སློབ་གསོ་རྒྱག་པ་སོགས་ཀྱི་ལས་དོན་བསྒྲུབས་ཡོད་ཅེས་བརྗོད།