༄༅།།ཁེར་གྷི་སི་ཐན་ལུའུ་པན་བཟོ་ཁང་གི་རིག་ལྡན་སློབ་ཁང་གི་སྒོ་བྱང་གི་ཡོལ་ཁེབས་ཕྱེ་བ།

人民网

      གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་05ཉིན། 13:13】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

      ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པི་སི་ཁེག་ནས་གློག་འཕྲིན་འབྱོར་གསལ། ཁེར་གྷི་སི་ཐན་ལུའུ་པན་བཟོ་ཁང་གི་སྒྲིག་ཆས་ཞལ་འདེབས་དང་རིག་ལྡན་སློབ་ཁང་གི་སྒོ་བྱང་གི་ཡོལ་ཁེབས་འབྱེད་པའི་མཛད་སྒོ་ཉིན་ཤས་གོང་ཁེར་གྷི་སི་ཐན་གྱི་རྒྱལ་ས་པི་སི་ཁེག་ཏུ་གནས་པའི་ཁེར་གྷི་སི་ཐན་གཞུང་བཙུགས་ལག་རྩལ་སློབ་ཆེན་དུ་འཚོགས་པ་རེད།

      ཁེར་གྷི་སི་ཐན་གྱི་སློབ་གསོ་ཚན་རིག་པུའུ་ཀྲང་ཁེན་ཅིར་པ་ཡེ་ཝ་ཡིས་ཤིས་ཚིག་སྒྲོན་སྐབས་ཀྲུང་གོ་ཕྱོགས་ཀྱིས་ཁེར་གྷི་སི་ཐན་གྱི་དཔལ་འབྱོར་དང་སྤྱི་ཚོགས། སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ལུའུ་པན་བཟོ་ཁང་གིས་ཁེར་གྷི་སི་ཐན་ལ་སྤུས་ཚད་མཐོ་བའི་ཤེས་ལྡན་པ་གསོ་སྐྱོང་བྱས་པ་མ་ཟད། ཁེར་གྷི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་ཚན་རིག་དང་སློབ་གསོའི་ཁྱབ་ཁོངས་ཀྱི་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་བྱེད་པར་དེ་བས་ཕན་ཐོགས་ཡོད། ཁེར་གྷི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ལུའུ་པན་བཟོ་ཁང་འཛུགས་སྐྲུན་དང་གཉེར་སྐྱོང་ཡག་པོ་བྱས་ཏེ་ཁེར་ཀྲུང་གི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་རམ་འདེགས་བྱེད་འདོད་ཡོད་ཅེས་བརྗོད།

      ཁེར་གྷི་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཏུའུ་ཏེ་ཝུན་གྱིས་ལུའུ་པན་བཟོ་ཁང་གི་རིག་ལྡན་སློབ་ཁང་གི་སྒོ་བྱང་གི་ཡོལ་ཁེབས་ཕྱེ་བར་རྟེན་འབྲེལ་ཞུས་པ་མ་ཟད། ཁེར་གྷི་སི་ཐན་དུ་ལུའུ་པན་བཟོ་ཁང་བཙུགས་པ་ནི་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་དོན་འཁྱོལ་དང་ཀྲུང་ཁེར་གྱི་མི་ཆོས་རིག་གནས་སློབ་གསོའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས་ཁེར་གྷི་སི་ཐན་ལ་དེང་རབས་ཅན་གྱི་ཆེད་ལས་ལག་རྩལ་གྱི་ཤེས་ལྡན་པ་གསོ་སྐྱོང་ཐུབ་རྒྱུར་ཕན་ཐོགས་ཡོད་ཅེས་བརྗོད་ཅིང་། ཏུའུ་ཏེ་ཝུན་གྱིས་ལུའུ་པན་བཟོ་ཁང་གིས་ལེགས་ཆ་དང་ཁྱད་ཆོས་གང་ལེགས་བཏོན་ནས་རྒྱལ་ཁབ་གཉིས་པོས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ་དང་དེ་བཞིན་ཀྲུང་གོ་དང་། ཁེར་གྷི་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན་བཅས་བར་གྱི་ལྕགས་ལམ་སོགས་རྣམ་གྲངས་ཆེ་གྲས་འཛུགས་སྐྲུན་ཐད་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

      (ཚེ་ཁོས་བསྒྱུར། ཚེ་སྒྲོལ་དང་ཚེ་ཁོས་ཞུས)