༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། ཀྲུང་གོ་འཛིན་ལོར་ལྟ་འདོམས་ཨུ་ལྷན་སོགས་སྡེ་ཚན་གྱི《མ་རྩའི་ཁྲོམ་རའི་ནོར་དོན་རྫུན་བཟོར་ཕྱོགས་བསྡུས་

人民网

      གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་08ཉིན། 09:46】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

      ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་ཀྲུང་གོ་འཛིན་ལོར་ལྟ་འདོམས་ཨུ་ལྷན་དང་། སྤྱི་བདེ་པུའུ། ནོར་སྲིད་པུའུ། ཀྲུང་གོ་མི་དམངས་དངུལ་ཁང་། དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་བཅས་ཀྱི《མ་རྩའི་ཁྲོམ་རའི་ནོར་དོན་རྫུན་བཟོར་ཕྱོགས་བསྡུས་ཆད་གཅོད་འགོག་བཅོས་བྱེད་པའི་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བརྒྱུད་བསྐུར་བྱས་པ་རེད།

      《བསམ་འཆར》ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། མ་རྩའི་ཁྲོམ་ར་སྒྱུར་བཅོས་དང་འཕེལ་རྒྱས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ནན་ཏན། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས། ནོར་དོན་རྫུན་བཟོར་རྡུང་རྡེག་གཏོང་ཤུགས་སྔར་བས་ཆེ་རུ་གཏོང་བ། ལྟ་འདོམས་ཀྱི་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ནོར་དོན་རྫུན་བཟོ་འགོག་བཅོས་ཀྱི་ཕུགས་ཕན་ལམ་སྲོལ་འཛུགས་པ། ལམ་ལུགས་ཀྱི་མཁོ་སྤྲོད་ལ་ཤུགས་སྣོན་རྒྱག་པ། སྐུལ་ལྕག་གཅུན་འདོམས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། མ་རྩའི་ཁྲོམ་རའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འདེགས་སྐྱོར་ནུས་ལྡན་བྱེད་དགོས་ཞེས་བསྟན་ཡོད།

      《བསམ་འཆར》ནང་། ཕྱོགས་ལྔའི་ཐད་ཀྱི་གཙོ་གནད་བྱེད་ཐབས་ཁ་གསལ་བཟོས་ཡོད་པ་སྟེ། གཅིག་ནས་གཙོ་གནད་ཁྱབ་ཁོངས་ཀྱི་ནོར་དོན་རྫུན་བཟོར་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ་དང་བཀག་འགོག་བྱེད་དགོས་ཤིང་། རྐང་དངུལ་དང་བུན་ལོར་མགོ་སྐོར་གཡོ་འཕྲུལ་ངང་འགྲེམས་སྤེལ་བྱེད་པའི་བྱེད་སྤྱོད་ལ་ཆད་པ་ནན་པོ་གཅོད་པ་དང་། བརྒྱུད་རིམ་རང་བཞིན་གྱི་རྫུན་བཟོ་དང་རྫུན་བཟོར་གཞོགས་འདེགས་བྱེད་པར་རྡུང་རྡེག་ནན་པོ་གཏོང་བ། རྩིས་གཉེར་སྲིད་ཇུས་གང་བྱུང་དུ་སྤྱད་དེ་རྫུན་བཟོ་བྱེད་རིགས་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། དམིགས་བསལ་ཁྱབ་ཁོངས་ཀྱི་ནོར་དོན་རྫུན་བཟོར་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་རེད། གཉིས་ནས་འཛིན་ལོར་ལྟ་འདོམས་ཀྱི་ཁྲིམས་སྒྱུར་སྒྲིག་སྲོལ་ལམ་སྲོལ་ལེགས་སུ་གཏོང་དགོས་ཤིང་། ཁུངས་སྣེ་ཤེས་རྟོགས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། སྲིད་འཛིན་ཁྲིམས་སྒྱུར་གྱི་ཕན་ནུས་ཆེ་རུ་གཏོང་བ། སྲིད་ཁྲིམས་ཉེས་ཁྲིམས་སྦྲེལ་མཐུད་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ་བཅས་རེད། གསུམ་ནས་ཕྱོགས་ཡོངས་དང་ཕྱོགས་བསྡུས་ཀྱི་འགན་འཁྲི་བདའ་འདེད་གཏོང་ཤུགས་ཆེ་རུ་གཏོང་དགོས་ཤིང་། སྲིད་འཛིན་འགན་འཁྲི་བདའ་འདེད་ཀྱི་ཟིལ་ཤུགས་ཆེ་རུ་གཏོང་བ་དང་། ཉེས་དོན་འགན་འཁྲི་བདའ་འདེད་གཏོང་ཤུགས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་བ། དམངས་དོན་འགན་འཁྲི་བདའ་འདེད་ཀྱི་རྒྱབ་སྐྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་གཏོང་བ་བཅས་རེད། བཞི་ནས་པུའུ་དབར་གྱི་མཐུན་སྦྱོར་དང་ཀྲུང་དབྱང་དང་ས་གནས་དབར་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་ཤིང་། གཞུང་ཁོངས་རྒྱུ་ནོར་གྱི་མ་དངུལ་འདོན་མཁན་གྱིས་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དངུལ་རྩའི་ལྟ་འདོམས་སྡེ་ཚན་གྱིས་མཐུན་སྦྱོར་རྡུང་རྡེག་བྱེད་ཤུགས་ཆེ་རུ་གཏོང་བ། ས་གནས་སྲིད་གཞུང་གི་འགན་འཁྲི་ནན་དུ་གཏོང་བ་བཅས་རེད། ལྔ་ནས་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་སྒོ་ནས་ནོར་དོན་རྫུན་བཟོ་འགོག་བཅོས་བྱེད་དགོས་ཤིང་། ཀུང་སིའི་བཅོས་སྐྱོང་གི་ནང་ཁུལ་གཅུན་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཚམས་སྦྱོར་ལས་ཁུངས་ཀྱི“སྒོ་སྲུང་བའི”འགན་འཁྲི་ནན་དུ་གཏོང་བ། ནོར་དོན་ཆ་འཕྲིན་གྱི་འབྲེལ་ཡོད་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། མཉམ་འབྲེལ་ཆད་གཅོད་བསླབ་འདོམས་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་བཅས་རེད།