༄༅།།ཧྲེན་དབྱི་ཆིན་གྱིས་བོད་དུ་དམངས་སྲིད་ལས་དོན་ལ་བརྟག་ཞིབ་གནང་བ།

人民网

      གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་05ཉིན། 13:09】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

      ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་7ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་30ནས་ཟླ་7ཚེས་2ཉིན་བར། རྒྱལ་དོན་ཨུ་ཡོན་ཧྲེན་དབྱི་ཆིན་གྱིས་བོད་དུ་དམངས་སྲིད་ལས་དོན་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་དམངས་སྲིད་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་འཛིན་པ། གཞི་རྩའི་དམངས་འཚོ་འགན་ལེན་དང་ཞབས་ཞུའི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་དམངས་སྲིད་ཀྱི་ཞབས་འདེགས་ཞུ་ཡུལ་ཁག་ལ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ལ་སྣེ་ཁྲིད་བྱེད་དགོས་པའི་ནན་བཤད་གནང་བ་རེད།

      ཧྲེན་དབྱི་ཆིན་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་དང་ཉིང་ཁྲི་གྲོང་ཁྱེར་གྱི་སྡེ་ཁུལ་དང་། གྲོང་གསེབ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཁྱིམ་བཅས་སུ་ཕེབས་ནས་དམིགས་བསལ་དཀའ་ངལ་བསྙེན་བཀུར་དང་། བྱིས་པའི་ཕན་བདེ། རྒན་གསོའི་ཞབས་ཞུ་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་རེད། ཁོང་གིས་བོད་ཀྱི་དམངས་སྲིད་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་འབྲེལ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་རིམ་དབྱེ་རིགས་དབྱེའི་སྒོ་ནས་སྤྱི་ཚོགས་ཀྱི་རོགས་སྐྱོབ་ལས་དོན་ཡག་པོ་སྒྲུབ་པ་དང་། མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཞི་རྩའི་འཚོ་བ་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ་དམངས་འཚོའི་མཐའ་ཚད་དམ་འཛིན་དང་། གནད་འཕིགས། བརྟན་པོ་བཅས་ཡོང་བར་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་རྒན་གསོའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གང་མགྱོགས་གཏོང་བ་དང་། རྒན་གསོའི་ཞབས་ཞུའི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱ་ཆེའི་རྒན་རྒོན་རྣམས་བདེ་སྐྱིད་ལྡན་པའི་ཚེ་མཇུག་སྐྱེལ་ཐུབ་པར་བྱེད་དགོས། དཀའ་ངལ་ཡོད་པའི་བྱིས་པར་བརྩེ་བ་ཟབ་མོས་གཅེས་སྐྱོང་དང་སྲུང་སྐྱོང་བྱས་ཏེ་ཁོང་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བར་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པར་འགྱུར་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

      ད་དུང་ཧྲེན་དབྱི་ཆིན་སྨན་གླིང་གྲོང་ཁྱེར་གནས་ཡུལ་ལྷོ་པ་མི་རིགས་ཤང་དུ་ཕེབས་ནས་མཐའ་དར་དམངས་ཕྱུག་ལས་དོན་གྱི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས་མཐའ་མཚམས་ཡུལ་མིའི་འཚོ་བ་འགན་ལེན་དེ་བས་ཡག་པོ་དང་ལེགས་སུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ཐོག་ཁོང་ཚོ་མཐའ་མཚམས་སུ་བློ་བདེ་པོས་གཞི་ཚུགས་པ་དང་། རྒྱལ་ཁབ་ཀྱི་མངའ་ཁོངས་སྲུང་སྐྱོང་། ཕ་ཡུལ་འཛུགས་སྐྲུན་བཅས་ནང་ཞུགས་ཐུབ་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

      (པ་ཚེས་བསྒྱུར། པ་ཚེ་དང་ཚེ་ལྷས་ཞུས)