༄༅།།མཚོ་སྔོན་མཚོ་ནུབ་ཀྱིས་ཞིང་འབྲོག་ལས་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས་གནོད་

人民网

      གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་28ཉིན། 10:17】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

      འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་6ཚེས་18ཉིན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཞིང་འབྲོག་ཅུས་ཀྱི་ཅུས་ཀྲང་ཝང་ཆོན་མིང་གིས“ང་ཚོས་སྤུས་ཀ་ལེགས་པའི་ཞིང་ལས་ཐོན་རྫས་ཀྱི་སྤུས་རྟགས་གཏོད་པར་ཤུགས་བརྒྱབ་སྟེ། ‘ངོ་མཚར་ཆེ་བའི་ཚྭ་འདམ’ཞེས་པའི་མཚོ་ནུབ་ཞིང་འབྲོག་ཐོན་རྫས་ཁྱབ་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་དང་ཚྭ་ཁའི་ལུག་གི་ཐོན་རྫས་རྐྱང་པའི་ཁྱབ་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་གྲུབ་འབྲས་ཐོབ་པའི་ངང་ཁྱབ་བསྒྲགས་བྱས་ཡོད། ཁེ་ལས་82ཀྱི་ཐོན་རྫས་སྣ་ཁ་308‘ངོ་མཚར་ཆེ་བའི་ཚྭ་འདམ’ཞེས་པའི་ཐོན་རྫས་སྤུས་ལེགས་མཛོད་དུ་ཚུད་ཡོད་པ་རེད། དེ་དང་ཆབས་ཅིག ཚོང་གཉེར་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་སྐྱེད་བཏང་ནས་ཁ་གཏད་རོགས་སྐྲུན་ཞིང་ཆེན་ཀྲེ་ཅང་དུ་ཐོན་རྫས་སྤུས་ལེགས་འཚོང་སའི་སྐར་ཁུང་101དང་མཚོ་སྔོན་ཞིང་ཆེན་ནང་ཁུལ་དུ་ཐོན་རྫས་སྤུས་ལེགས་ཀྱི་ལྟེ་གནས་ཚོང་ཁང་5བཙུགས་པ་མ་ཟད། ད་དུང་ཐོན་རྫས་སྤུས་ལེགས་སྣ་ཁ་22‘ཀྲེ་ལི་ཐའོ’ནང་བཅུག་པར་མངགས་ཐོ་ཡང་རག་པ་དང་། ‘དྲ་ཐོག་ཚོང་དོན་གྱི་བྱེ་ཐང་སྤང་ལྗོངས’སོགས་དྲ་ཐོག་ཚོང་དོན་ལས་སྟེགས་ཀྱིས་དྲ་ཐོག་ཁག་བགོས་བྲིན་ཚོང་ཚོང་དུད་2000ལྷག་སྐྱེད་སྲིང་འཕེལ་རྒྱས་བཏང་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།

      མཚོ་ནུབ་ཀྲོའུ་ཡིས་གནོད་མེད་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཐོན་སའི་སྔོན་སྤེལ་དཔེ་སྟོན་ཀྲོའུ་གཏོད་རྒྱུར་ཤུགས་སྣོན་བརྒྱབ་པ། ཞིང་འབྲོག་ལས་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་དེ་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩིས་ཐོག་གནོད་མེད་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཐོན་ས་མཉམ་དུ་གཏོད་རྒྱུའི་སྐོར་གྱི་པུའུ་དང་ཞིང་ཆེན་གྱི་བཀོད་སྒྲིག་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། 《མཚོ་ནུབ་ཀྲོའུ་ཡིས་གནོད་མེད་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཐོན་ས་གཏོད་པའི་ཆེད་དོན་འཆར་འགོད》དང《མཚོ་ནུབ་ཀྲོའུ་ཡིས་གནོད་མེད་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཐོན་ས་གཏོད་པའི་བྱ་དགའ་སྤྲོད་ཐབས(ཚོད་བསྟར)》སོགས་སྲིད་ཇུས་ཡིག་ཆ་བཀྲམ་པས“ཆེད་དོན་འཆར་འགོད་+ལག་བསྟར་ཇུས་གཞི་+དཔྱད་ཞིབ་བྱེད་ཐབས་+བྱ་དགའ་སྤྲོད་ཐབས”བཅས་ཀྱི་སྲིད་ཇུས་འགན་སྲུང་མ་ལག་ཅིག་ཆགས་ཡོད་པ་རེད། “སྤུས་ཀ་ལེགས་གཏོང་དང་། ཐོན་འབབ་བརྟན་གཏོང་། འཁོར་འབྲེལ་གསབ་པ། ཕྱིར་གཏོང་རྒྱ་སྐྱེད”བཅས་ལ་དམིགས་ནས“12345”ཐོན་ལས་དར་རྒྱས་ཀྱི་སྤྱིའི་བཀོད་པར་སྐུལ་འདེད་གཏིང་ཟབ་བཏང་བས། 2023ལོར་ཀྲོའུ་དེ་ཡོངས་ཀྱི་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར་50ཡི་འགག་སྒོ་ཆེ་མོ་ལས་བརྒལ་ནས་སྒོར་དུང་ཕྱུར་51.92ཟིན་ཡོད་པ་རེད།

      གནོད་མེད་ཐོན་སྐྱེད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ། 2023ལོར་ཀྲོའུ་དེ་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་གནོད་མེད་སྐྱེ་ལྡན་ཁེ་ལས་110དང་གནོད་མེད་སྐྱེ་ལྡན་གྱི་ཞིང་འབྲོག་ཐོན་རྫས་471ལ་ཁས་ལེན་དཔང་འདོན་བྱས་ཤིང་། གནོད་མེད་སྐྱེ་ལྡན་ཁས་ལེན་དཔང་འདོན་བྱུང་བའི་ཁེ་ལས་ཁུངས་འདེད་ཐུབ་ཚད་90%ཡན་དང་ཞིང་འབྲོག་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་འཐེན་བཤེར་གྱི་ཚད་ལོན་ཚད་98%ཡན་ཟིན་པ་དང་། སྐྱེ་ལྡན་ཁས་ལེན་དཔང་འདོན་བྱུང་བའི་རྩྭ་རའི་ཁོར་ཡུག་ལྟ་ཞིབ་ཚད་ལེན་རྒྱ་ཁྱོན་སྤྱི་ཆིང་ཁྲི་804.67ཟིན་ནས་རྒྱལ་ཁབ་རིམ་པའི་ཕྱིར་གཏོང་གི་སྤུས་ཚད་བདེ་འཇགས་དཔེ་སྟོན་ཁུལ་4དང་རྒྱལ་ཡོངས་ཀྱི་གནོད་མེད་བཟའ་བཅའི་མ་བཅོས་རྒྱུ་ཆ(འདྲེ་ཚེར་མ)ཚད་ལྡན་ཅན་ཐོན་སྐྱེད་རྟེན་གཞི་1བསྐྲུན་པ་དང་། ཞིང་ལས་ཐོན་རྫས་10ལ་ཤང་ཀང་STCཡི་སྤུས་ལེགས་ངོ་མའི་ཁས་ལེན་དཔང་འདོན་ལག་ཁྱེར་རག་ཡོད་པ་རེད།