༄༅།།ཚན་རྩལ་གྱི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་ཕྱོགས་ཡོངས་ ནས་གཏིང་ཟབ་ཏུ་གཏོང་དགོས།

人民网

      —— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཚན་རྩལ་ཚོགས་ཆེན་དང་། རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་པའི་ཚོགས་ཆེན། ཁང་གཉིས་ཀྱི་ཡོན་ཧྲིའི་ཚོགས་ཆེན་
      བཅས་ཀྱི་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

      གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་01ཉིན། 09:37】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

      འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།

      གསར་གཏོད་ཀྱིས་འབྱུང་འགྱུར་གྱི་རྒྱལ་ཁ་ཕུ་ཐག་ཆོད་པ་དང་། སྒྱུར་བཅོས་ནི་རྒྱལ་ཁབ་ཀྱི་ལས་དབང་དང་འབྲེལ་བ་ཡོད། རྒྱལ་ཡོངས་ཀྱི་ཚན་རྩལ་ཚོགས་ཆེན་དང་། རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་པའི་ཚོགས་ཆེན། ཁང་གཉིས་ཀྱི་ཡོན་ཧྲིའི་ཚོགས་ཆེན་བཅས་ཀྱི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་བབ་གསར་པའི་འོག་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་མགྱོགས་པོ་བྱེད་པའི་གཞི་རྩའི་ནང་དོན་དང་ལས་འགན་གཙོ་བོ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཞིབ་པར་གླེང་སྟེ། “ཚན་རྩལ་གྱི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ་གསར་གཏོད་ཀྱི་གསོན་ཤུགས་སྐུལ་སྤེལ་གང་ལེགས་བྱེད་དགོས”ཞེས་ནན་བཤད་གནང་བ་རེད།

      གལ་ཏེ་ཚན་རྩལ་གསར་གཏོད་ནི་རང་རྒྱལ་གྱི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་ཞིག་ཡིན་ན། སྒྱུར་བཅོས་ནི་སྒུལ་ཤུགས་གསར་པ་དེར་སྐུལ་འདེད་གཏོང་བར་མེད་དུ་མི་རུང་བའི་བྱེད་ཐབས་ཤིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱས་པར་བརྟེན། ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་ཀྱི་ནུས་པ་ཕྱོགས་ཡོངས་ནས་འདོན་སྤེལ་ཐུབ་པ་དང་། གནས་མང་པོར་ཚད་བརྒལ་བྱུང་བ། རྒྱ་ཆེ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་ཕྱིན་ཡོད་པས། འབྲེལ་ཡོད་ཁྱབ་རྒྱ་ཆེ་བ་དང་། ཇུས་གཞི་འདོན་མང་བ། ཁེ་ཕན་ཐོབ་མང་བ། སྐུལ་འདེད་གཏོང་ཤུགས་ཆེ་བ་བཅས་ནི་སྔར་བྱུང་མྱོང་མེད་པ་ཞིག་རེད། རང་རྒྱལ་གྱི་ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་ལ་རྣམ་པ་གསར་པ་ཞིག་བཏོད་ནས། 《ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལག་བསྟར་ཇུས་གཞིའི》ནང་བཀོད་སྒྲིག་བྱས་པའི་ལས་འགན་ཁག་143ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བ་དང་། ཚན་རྩལ་དོ་དམ་སྒྲིག་སྲོལ་བསྐྱར་དུ་བསྐྲུན་པ། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་བཀོད་སྒྲིག་མགྱོགས་སུ་བཏང་བ། གསར་གཏོད་བྱེད་པོ་དང་ཤེས་ལྡན་པའི་གསོན་ཤུགས་སྔར་བས་བཏོན་པ་བཅས་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་སྐྲུན་པར་རྨང་གཞི་བརྟན་པོ་བཏིང་ཡོད།

      ཚན་རྩལ་ཁྱབ་ཁོངས་ནི་སྒྱུར་བཅོས་རྒྱུན་ཆད་མེད་པར་བྱེད་དགོས་པའི་ཁྱབ་ཁོངས་ཤིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཚན་རྩལ་བྱ་གཞག་འཕེལ་རྒྱས་ཀྱི་ཉམས་མྱོང་གལ་ཆེན་ལ་ཕྱོགས་སྡོམ་གཏིང་ཟབ་གནང་ཞིང་། “སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་གསར་གཏོད་ཀྱི་གསོན་ཤུགས་སྐུལ་སྤེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ”ནི་དེའི་ནང་གི་དོན་ཚན་གལ་ཆེན་ཞིག་རེད། མིག་སྔར། རང་རྒྱལ་གྱི་ཚན་རྩལ་གསར་གཏོད་ཀྱི་སྒྲིག་སྲོལ་ལམ་སྲོལ་ལ་ད་དུང་ཆད་སྐྱོན་ཡོད་པ་དང་། སྒྱུར་བཅོས་བྱེད་ཐབས་ཁ་ཤས་དོན་འཁྱོལ་ཐུབ་མེད་པས། སྤྱི་ཡོངས་ཀྱི་གསར་གཏོད་ལས་ཆོད་ཆེ་རུ་གཏོང་དགོས། ཚན་རྩལ་གསར་གཏོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔར་ལས་ལྷག་པའི་སྒོ་ནས་འདོན་སྤེལ་དང་གསར་གཏོད་ཀྱི་གསོན་ཤུགས་སྐུལ་སྤེལ་བྱེད་པར་ངེས་པར་དུ་ཚན་རྩལ་གྱི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་རྒྱལ་ཁབ་ཀྱི་ཚན་རྩལ་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། དུས་རབས་གསར་པའི་ཚན་རྩལ་གསར་གཏོད་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པའི་ལག་ལེན་གྱི་གཞི་རྟེན་དང་། ལམ་ལུགས་བཀོད་སྒྲིག ཁོར་ཡུག་བཟང་པོ་བཅས་གང་མགྱོགས་ཆགས་པར་བྱེད་དགོས། དཀའ་བ་ལ་གཏུག་ཕོད་པ་དང་། ཉེན་ཁར་མི་སྐྲག་པ། དཀའ་གནད་སེལ་བ་བཅས་བྱས་ཏེ། ཚན་རྩལ་གསར་གཏོད་ལ་ཚོད་འཛིན་བཟོ་བའི་བསམ་བློའི་འདུ་ཤེས་དང་སྒྲིག་སྲོལ་ལམ་སྲོལ་གྱི་འགལ་རྐྱེན་མཐའ་གཅིག་ཏུ་བསལ་ནས་ལམ་ལུགས་ཀྱི་ལེགས་ཆ་དེ་ཚན་རྩལ་འགྲན་རྩོད་ཀྱི་ལེགས་ཆར་ཏན་ཏིག་སྒྱུར་དགོས།

      “དམིགས་ཚད་ཀྱི་སྟོན་ཕྱོགས་དང་གནད་དོན་གྱི་ཕྱོགས་སྟོན་ཟུང་འབྲེལ་མཐའ་འཁྱོངས་བྱེད་དགོས”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་བླང་བྱ་ཁ་གསལ་དེས་ཚན་རྩལ་གྱི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར་ཚན་རིག་དང་མཐུན་པའི་ཐབས་ཤེས་ཀྱི་ཁྲིད་སྟོན་མཁོ་འདོན་གནང་ཡོད། སྒྱུར་བཅོས་ཀྱི་དམིགས་ཚད་ལ་དམིགས་ནས་གནད་དོན་ལ་ཕྱོགས་ཏེ་སྐྱོད་པ་དང་གནད་དོན་ལ་དམིགས་ནས་སྒྱུར་བཅོས་བྱས་ཏེ། རང་རྒྱལ་གྱི་ཚན་རྩལ་གསར་གཏོད་རྩ་འཛུགས་ཅན་དང་མཐུན་སྦྱོར་ཅན་གྱི་ཆུ་ཚད་མཐོ་པོ་མེད་པ་དང་། ཚན་རྩལ་ཐོན་ཁུངས་ཁ་ཐོར་དང་བསྐྱར་ཟློས་སོགས་ཀྱི་གནད་དོན་ལ་དམིགས་ནས། ཚན་རྩལ་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་གསར་གཏོད་ལས་སྟེགས་སྣ་ཚོགས་འཛུགས་སྐྲུན་ལ་སྤྱི་འདོམས་བྱས་ཏེ་གསར་གཏོད་ཐོན་ཁུངས་ལ་སྤྱི་འདོམས་དང་སྟོབས་ཤུགས་སྒྲིག་འཛུགས་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་ཁོངས་ཀྱི་ཚན་རྩལ་གསར་གཏོད་ཀྱི་བཀོད་པ་འཐུས་སྒོ་ཚང་དུ་གཏོང་བ་དང་ཀྲུང་དབྱང་དང་ས་གནས་ཀྱི་མཐུན་སྦྱོར་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་ནས་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ལྡན་པའི་གསར་གཏོད་ཀྱི་མཐོ་ས་འཛུགས་དགོས། ཚན་རྩལ་འཆར་གཞིར་དོ་དམ་བྱེད་ལེགས་སུ་བཏང་སྟེ་ཚན་རྩལ་གྱི་གྲོན་དངུལ་བགོ་བཤའ་དང་དོ་དམ་བེད་སྤྱོད་ཀྱི་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཚན་ཞིབ་ཚན་པ་དང་ཚན་རིག་ཞིབ་འཇུག་མི་སྣར་རང་བདག་དབང་ཆ་སྔར་ལས་ཆེ་བ་སྤྲད་དེ་ཚན་རྩལ་གསར་གཏོད་ལ་མ་དངུལ་གཏོང་བའི་ཕན་ནུས་ཆེ་རུ་གཏོང་དགོས།

      ཚན་རྩལ་གྱི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་བར་གཏོར་འཛུགས་མཉམ་སྤྱོད་ཀྱི་བྱེད་ཐབས་སྨྲ་བ་མཐའ་འཁྱོངས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“‘བཞི་གཏོར’དང‘ཚད་གཞི་གསར་པ་འཛུགས་པ’ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ་ཚན་ཞིབ་བྱེད་སྒོའི་ཆོས་ཉིད་དང་འཚམ་པའི་རིགས་དབྱེ་གདེང་འཇོག་མ་ལག་དང་དཔྱད་ཞིབ་ལམ་སྲོལ་འཐུས་སྒོ་ཚང་དུ་གང་མགྱོགས་གཏོང་དགོས། ཚན་རྩལ་བྱ་དགའ་སྤྲོད་པ་དང་། ཡོང་འབབ་བགོ་བཤའ། གྲུབ་འབྲས་དབང་སྤྲོད་སོགས་ཀྱི་ལྕག་སྐུལ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ཕུལ་བྱུང་ཤེས་ལྡན་པ་སྔར་བས་མང་བར་ལུགས་མཐུན་གྱི་འབྲས་བུ་སྨིན་པ་དང་གསར་གཏོད་ཀྱི་གསོན་ཤུགས་འདོན་དུ་འཇུག་དགོས། ‘ཞྭ་མོ’དང‘བྱང་བུ’གང་བྱུང་དུ་སྤྲོད་པའི་སྤྱོད་ཚུལ་ལ་རྒྱུན་མཐུད་བཅོས་སྒྲིག་བྱས་ཏེ་ཚན་ཞིབ་མི་སྣར་སེམས་ཁྲལ་མེད་པར་རྩེ་གཅིག་ཏུ་ཚན་ཞིབ་ལ་གཞོལ་ཐུབ་པར་བྱས་ནས། རྣམ་གྲངས་རེ་ཞུ་དང་། དཔྱད་རྩོམ་འདོན་པ། བྱ་དགའ་དཔྱད་འདེམས། ཐོན་ཁུངས་རྩོད་ལེན་བཅས་ལ་སེམས་ཁྲལ་མི་ཡོང་བར་བྱེད་དགོས”ཞེས་ནན་བཤད་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀོད་སྒྲིག་བླང་བྱ་ལྟར། “བཞི་གཏོར”དང“ཚད་གཞི་གསར་པ་འཛུགས་པ”ལ་སྐུལ་སྤེལ་གཏིང་ཟབ་བཏང་ནས་ཚན་ཞིབ་མི་སྣར་སེམས་ཤུགས་གཙོ་བོ་ཚན་ཞིབ་ཐད་འདོན་པའི་འགན་ལེན་ལམ་སྲོལ་བཟོས་ཏེ་ཚན་ཞིབ་མི་སྣའི་ཁུར་པོ་སྔར་བས་ཡང་དུ་བཏང་ན། གཞི་ནས་ཁོང་ཚོའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འདོན་སྤེལ་གང་ལེགས་ཐུབ་ནས་གསར་གཏོད་ཀྱི་ཆུ་ཁུངས་ལང་ལོང་དུ་བཞུར་ཐུབ།