༄༅།།ཞི་ཅིན་ཕིང་གིས་ཀི་ནེ་ཡ་པི་སོའི་ཙུང་ཐུང་ཨེན་པ་ལུའོ་དང་གྲོས་མོལ་གནང་བ།

人民网

      གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་12ཉིན། 10:06】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

      ཟླ་7ཚེས་10ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཀི་ནེ་ཡ་པི་སོའི་ཙུང་ཐུང་ཨེན་པ་ལུའོ་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཨེན་པ་ལུའོ་དང་སྐུ་ཟླ་ཏི་ཉི་ཞི་ཡ་རྣམ་གཉིས་དང་ལྷན་བཞུགས་སྐུ་པར་སྐྱོན་བཞིན་པ།

      ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་10ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཀི་ནེ་ཡ་པི་སོའི་ཙུང་ཐུང་ཨེན་པ་ལུའོ་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་ཀི་ནེ་ཡ་པི་སོའི་དབར་གྱི་འབྲེལ་བ་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་པ་སྤོར་རྒྱུར་མོས་མཐུན་མགྲིན་གཅིག་ཏུ་གནང་བ་རེད།

      ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཀི་ནེ་ཡ་པི་སོའི་དབར་ལ་དམིགས་བསལ་གྱི་མཛའ་གྲོགས་ལོ་རྒྱུས་ལྡན་ཡོད། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཏེ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་དེ་བས་བརྟན་དུ་ཕྱིན་པ་དང་། དངོས་སྒྲུབ་མཉམ་ལས་བྱེད་རྒྱ་དེ་བས་ཆེ་རུ་ཕྱིན་པ་མ་ཟད། ད་དུང་རྒྱལ་སྤྱིའི་མཐུན་སྦྱོར་བྱེད་རྣམ་ཡང་དེ་བས་ཟབ་ཏུ་ཕྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀི་ནེ་ཡ་པི་སོས་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་རང་ཚུགས་ངང་འཚོལ་ཞིབ་བྱེད་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡིན་ལ། ཀི་ནེ་ཡ་པི་སོ་དང་མཉམ་དུ་སྲོལ་རྒྱུན་གྱི་མཛའ་གྲོགས་འབྲེལ་བ་རྒྱུན་འཛིན་བྱེད་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་བརྟན་དུ་གཏོང་བ། དངོས་སྒྲུབ་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་འདོད་ཡོད་ལ། ཀི་ནེ་ཡ་པི་སོས་རང་རྒྱལ་ཁབ་འཕེལ་རྒྱས་དེ་བས་ཡག་པོ་ཡོང་བ་བྱེད་པར་རམ་འདེགས་བྱེད་འདོད་ཀྱང་ཡོད།

      ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་ཀི་ནེ་ཡ་པི་སོ་དང་རིམ་པ་ཁག་གི་མཛའ་གྲོགས་འགྲོ་འོང་བྱེད་རྣམ་ཟབ་ཏུ་གཏོང་བ་དང་རྒྱལ་སྐྱོང་སྲིད་འཛིན་སྐོར་གྱི་ཉམས་མྱོང་སྤེལ་རེས་ལ་ཤུཌ་སྣོན་བརྒྱབ་སྟེ། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སྣེ་འདྲེན་དུ་བྱས་ནས་ཞིང་ལས་དང་། གཏེར་ལས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། མཚོ་ཐོག་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀི་ནེ་ཡ་པི་སོའི་སྤུས་ལེགས་ཞིང་ལས་ཐོན་རྫས་ཀྲུང་གོའི་ཁྲོམ་རར་འདྲེན་པར་དགའ་བསུ་ཞུ་རྒྱུ་དང་། ཀྲུང་གོའི་ཁེ་ལས་ཀི་ནེ་ཡ་པི་སོར་མ་འཇོག་མཉམ་ལས་བྱེད་པར་བསྐྱོད་རྒྱུར་སྐུལ་ལྕག་གཏོང་རྒྱུ། ཀི་ནེ་ཡ་པི་སོས་ཐོན་ཁུངས་ཀྱི་གཏིང་ཤུགས་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་སྒྱུར་བར་རོགས་རམ་བྱ་རྒྱུ་བཅས་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཀི་ནེ་ཡ་པི་སོའི་རྒྱལ་ནང་འཛུགས་སྐྲུན་ལ་ནུས་པས་ལྕོགས་ཚོད་ཀྱི་རྒྱབ་སྐྱོར་མུ་མཐུད་བྱེད་པ་དང་ཆུ་འབྲས་ལག་རྩལ་རིགས་གཅིག་མཁས་ཅན་དང་སྨན་བཅོས་རུ་ཁག་མུ་མཐུད་མངགས་ཏེ། ཀི་ནེ་ཡ་པི་སོས་འབྲུ་རིགས་བདེ་འཇགས་འགན་ལེན་དང་སྤྱི་པའི་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་གཏོང་བར་རོགས་རམ་བྱེད་འདོད་ཡོད། ཕྱོགས་གཉིས་པོས་སློབ་གསོ་དང་གཞོན་ནུ་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སེམས་པ་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་སྲིད་གཞུང་གི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་དང་གསོ་སྦྱོང་མི་གྲངས་མུ་མཐུད་མཁོ་འདོན་བྱས་ཏེ། ཀི་ནེ་ཡ་པི་སོར་རྒྱལ་ཁབ་འཕེལ་རྒྱས་ལ་མཁོ་བའི་ཤེས་ལྡན་པ་སྣ་ཚོགས་དེ་བས་མང་བ་གསོ་སྐྱོང་བྱེད་རོགས་བྱེད་ཀྱི་ཡིན།

      ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གཉིས་ཀར་འོད་སྟོང་འཕྲོ་བའི་ཤེས་དཔལ་ལྡན་པ་དང་། གཉིས་ཀར་མི་སེར་སྤེལ་བ་དང་བཙན་འཛུལ་བྱས་པའི་ཡ་ང་བའི་ལོ་རྒྱུས་ལྡན་པ། གཉིས་ཀས་མི་རིགས་རང་བཙན་དང་བཅིངས་འགྲོལ་ལ་གཅེས་འཛིན་དང་དོན་གཉེར་བྱས་དང་བྱེད་མུས་རེད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དབར་ཕན་ཚུན་རྒྱབ་སྐྱོར་དང་རོགས་རམ་བྱེད་པ་ནི་ཟོལ་མེད་མཛའ་མཐུན་གྱི་སྤུན་གྲོགས་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་མཐུན་སྒྲིལ་མཉམ་ལས་བྱེད་པའི་དཔེ་མཚོན་ཞིག་རེད། དུས་བབ་གསར་པར་ང་ཚོས་ལག་གདང་སྦྲེལ་ནས་དུས་རབས་གསར་པ་མཉམ་དུ་གཏོད་དགོས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་ཀྱིས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་ལག་ལེན་བསྟར་བ་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་སྟེགས་གལ་ཆེན་ཞིག་ཡིན། གཟའ་འཁོར་གཉིས་ཀྱི་གོང་དུ། ང་ཚོས་པེ་ཅིང་དུ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་བཏོན་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་གཟབ་རྒྱས་ཤིག་སྤེལ་བ་དང་། འདི་ལོའི་སྟོན་དུས་སུ་པེ་ཅིང་དུ་སྐབས་གསར་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་དབུ་ཚོགས་འཚོག་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཀི་ནེ་ཡ་པི་སོ་སོགས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མཉམ་དུ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་དར་སྤེལ་བཏང་སྟེ། དུས་རབས་གསར་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་ཇུས་ཆེན་ཐུན་མོང་ཐོག་གྲོས་མོལ་བྱེད་རྒྱུ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱེད་རྒྱུ། ལག་གདང་སྦྲེལ་ནས་ཆུ་ཚད་མཐོ་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་གཏོད་རྒྱུ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་སྐུལ་འདེད་གཏོང་འདོད་ཡོད།

      ཨེན་པ་ལུའོ་ཡིས་ང་དང་འཐུས་མི་ཚོགས་པ་འདི་གར་འབྱོར་མ་ཐག་ནས་ཀྲུང་གོའི་མི་དམངས་ཀྱིས་ཨ་ཧྥེ་རི་ཁའི་སྤུན་ཟླར་བཅངས་པའི་ཟོལ་མེད་ཀྱི་མཛའ་གྲོགས་བརྩེ་སེམས་ཚོར་བྱུང་། ཀི་ནེ་ཡ་པི་སོ་དང་ཀྲུང་གོའི་འབྲེལ་བ་ཡག་པོ་དང་བརྟན་པོ་ཡོད་པ་མ་ཟད། ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་རྒྱབ་སྐྱོར་ཡང་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ཀི་ནེ་ཡ་པི་སོ་ལ་དཀའ་ངལ་འཕྲད་སྐབས་ཀྲུང་གོས་རྟག་ཏུ་ཐེ་ཚོམ་སྤུ་ཙམ་མེད་པར་རྒྱབ་སྐྱོར་ཆེན་པོ་བྱེད་པ་དེ་ཀི་ནེ་ཡ་པི་སོའི་མི་དམངས་ཀྱིས་ནམ་ཡང་བརྗེད་མི་སྲིད། ང་ཚོས་ཀྱང་སྔར་རྒྱུན་བཞིན་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཕྱོགས་སུ་ལངས་ཏེ། ཀྲུང་གོ་གཅིག་གི་རྩ་དོན་བློ་རྩ་བརྟན་པོས་བརྩི་སྲུང་དང་ཐའེ་དབན་སོགས་ལྟེ་བའི་ཁེ་ཕན་གྱི་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན། ཀི་ནེ་ཡ་པི་སོ་ཡིས་ཀྲུང་གོར་འཕེལ་རྒྱས་རླབས་པོ་ཆེ་བྱུང་བར་བརྩི་འཇོག་དང་ཡིད་སྨོན་བྱེད་ཀྱི་ཡོད། ཀྲུང་གོ་འདི་ཉིད་ཕྱི་འབྲེལ་ཐད་ཆེས་སྔོན་སྤེལ་གྱི་ཁ་ཕྱོགས་དང་ཆེས་གལ་ཆེའི་མཉམ་ལས་རོགས་ཟླར་བརྩི་གི་ཡིན། སླད་ཕྱིན་ཀྲུང་གོའི་འཕེལ་རྒྱས་ཀྱི་འདུ་ཤེས་དང་ཉམས་མྱོང་ལ་སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས་དཔལ་འབྱོར་ཚོང་དོན་མ་འཇོག་དང་། རྨང་གཞིའི་སྒྲིག་བཀོད། གཏེར་ཁའི་ནུས་རྒྱུ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་གྱིས་རྒྱལ་ཁབ་འཕེལ་རྒྱས་ལ་རོགས་རམ་ཐུབ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

      གྲོས་མོལ་མཇུག་འགྲིལ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། དཔལ་འབྱོར་འཕེལ་རྒྱས། འགག་སྒོ་ཞིབ་བཤེར་དང་ནད་ཡམས་ཞིབ་བཤེར། ས་གཤིས་དང་གཏེར་ལས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་དོན་འཁྱོལ་སྐོར་གྱི་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་བདེན་དཔང་གནང་བ་རེད།

      ཕྱོགས་གཉིས་པོས《འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཀི་ནེ་ཡ་པི་སོ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད།