༄༅།།ཀྲུང་གོས་འདེམས་ཤོག་འཕེན་དབང་མི་འདོར་ཀ་མེད་བྱུང་། 

人民网

      གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་12ཉིན། 14:16】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

      ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་11ཉིན། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་78པའི་ཐོག《ཀྲ་པོ་ལུའོ་རེ་ཉིང་རྡུལ་གློག་ཁང་ཚུད་པའི་ཡུག་རེན་གྱི་ཉིང་རྡུལ་སྒྲིག་བཀོད་བདེ་འཇགས》ཞེས་པའི་གྲོས་ཆོད་ཅིག་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་། གྲོས་ཆོད་དེ་ཨ་རི་དང་ཡུག་རེན་སོགས་ཀྱིས་བཏོན་པ་རེད། དེའི་ནང་ཨུ་རུ་སུས་ཡུག་རེན་མངའ་ཁོངས་ཀྱི་ཉིང་རྡུལ་སྒྲིག་བཀོད་ཕྱིར་འཐེན་བྱེད་དགོས་པའི་བླང་བྱ་བཏོན་པར་མ་ཟད། ཨུ་རུ་སུས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིའི་མི་སྣ་ཡུག་རེན་གྱི་ཉིང་རྡུལ་སྒྲིག་བཀོད་དུ་བསྐྱོད་དུ་འཇུག་དགོས་པའི་བླང་བྱ་བཏོན་པ་རེད།

      གྲོས་ཆོད་དེ་འཐད་མོས་འདེམས་ཤོག་99དང་མི་འཐད་པའི་འདེམས་ཤོག་9། འདེམས་ཤོག་འཕེན་དབང་དོར་བའི་འདེམས་ཤོག་60བཅས་ཀྱི་ཐོག་ནས་གྲོས་འཆམ་བྱུང་བ་རེད། པར་ཙིར་དང་ཀྲུང་གོ། རྒྱ་གར། ཧིན་རྡུ་ཉི་ཞི་ཡ། ལྷོ་ཨ་ཧྥེ་རི་ཁ་སོགས་རྒྱལ་ཁབ་ཀྱིས་འདེམས་ཤོག་འཕེན་དབང་དོར་བ་དང་། ཨུ་རུ་སུ་དང་ཁུ་པ་སོགས་ཀྱིས་མི་འཐད་པའི་འདེམས་ཤོག་འཕངས་པ་རེད།

      འདེམས་ཤོག་འཕངས་རྗེས་ཀྱི་འགྲེལ་བཤད་ཀྱི་གཏམ་བཤད་སྤེལ་སྐབས། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཧྥུའུ་ཚུང་གིས་ཀྲུང་གོ་ཕྱོགས་ཀྱི་འདེམས་ཤོག་འཕེན་པའི་ལངས་ཕྱོགས་ནི་ཡུག་རེན་གྱི་ཉམས་ཉེན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱ་རྒྱུའི་སྐོར་གྱི་ཀྲུང་གོ་ཕྱོགས་ཀྱི་ཐོག་མཐའ་བར་གསུམ་གྱི་ལངས་ཕྱོགས་ལ་གཞིགས་པ་དང་། དོན་དག་དེ་ཉིད་བདེན་རྫུན་དང་དྲང་འཁྱོག་ཡིན་མིན་ལ་རང་ཚུགས་ངང་བརྡར་ཤ་བཅད་པར་གཞིགས་པ་ཞིག་ཡིན་ལ། གླེང་མོལ་དང་གྲོས་མོལ་སྔ་ཙམ་སླར་གསོ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། དམག་མཚམས་འཇོག་པ་སྔ་ཙམ་མངོན་འགྱུར་ཡོང་བར་རེ་སྒུག་ཆེན་པོ་བྱས་པ་ཞིག་ཀྱང་ཡིན་ཞེས་བཤད་པ་རེད།

      ཧྥུའུ་ཚུང་གིས། ཡུག་རེན་གྱི་གནད་དོན་ཐད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཁག་གི་བདག་དབང་དང་མངའ་ཁོངས་ཆ་ཚང་ཚང་མར་བརྩི་འཇོག་བྱེད་དགོས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་ཚང་མར་བརྩི་སྲུང་བྱེད་དགོས་པ། རྒྱལ་ཁབ་ཁག་གི་ལུགས་མཐུན་བདེ་འཇགས་ཀྱི་དོ་ཁུར་ཚང་མར་མཐོང་ཆེན་བྱེད་དགོས་པ། ཞི་བའི་ངང་ཉམས་ཉེན་ཐག་གཅོད་བྱ་རྒྱུར་ཕན་པའི་འབད་བརྩོན་ཚང་མར་རྒྱབ་སྐྱོར་བྱེད་དགོས་པའི་འདོད་ཚུལ་འཛིན་གྱི་ཡོད་ཅེས་བསྐྱར་བསྒྲགས་བྱས་པ་རེད། ཡུག་རེན་གྱི་གནད་དོན་ཐད་ཀྲུང་གོ་ཕྱོགས་ལ་སྒེར་སེམས་མེད་པར་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་བྱེད་ཐབས་ལ་བརྟེན་ནས་ཁ་ཏ་དང་གླེང་མོལ་ཧུར་ཐག་བྱེད་ཀྱིན་ཡོད་ལ། ཆབ་སྲིད་ཀྱི་ཐོག་ནས་ཐག་གཅོད་བྱ་རྒྱུར་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་འདོན་སྤེལ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།